ཕྱི་ལོ་ 2017 ཟླ་བ་གསུམ་པ ཚེས་ 24
རྩོམ་སྒྲིག་པ་རྣམས་ལ་སློབ་དེབ་ཇུས་འགོད་ཀྱི་ཟབ་སྦྱོང་།
ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པ།
རྩོམ་སྒྲིག་པ་རྣམས་ལ་སློབ་དེབ་ཇུས་འགོད་ཀྱི་ཟབ་སྦྱོང་།
ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༣ ནས་ཚེས་ ༢༥ བར་ཉིན་གྲངས་གསུམ་རིང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་རྩོམ་སྒྲིག་པ་རྣམས་ལ་སློབ་དེབ་ཇུས་འགོད་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད་པ་རེད།
ཟབ་སྦྱོང་འདི་ནི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཉིས་ཀྱིས་དབུ་འབྱེད་གནང་བ་ཞིག་ཡིན་པ་དང་། ཟབ་སྦྱོང་དུ་ཤེས་ཡོན་ལྷན་ཚོགས་ཀྱི་སློབ་དེབ་རྩོམ་སྒྲིག་པ་རྣམས་དང་། ལྡི་ལི་ཤེས་རིག་པར་ཁང་གི་པར་སྐྲུན་འགན་འཛིན་དང་ལས་རོགས་བཅས་མཉམ་ཞུགས་གནང་ཡོད།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དེབ་ཅིག་བཟོ་སྒྲིག་བྱེད་པ་ལ་ཚང་དགོས་པའི་རྩ་དོན་ཁག་དང་། དེབ་ཀྱི་ཤོག་བུ་གཏན་འབེབས་བྱེད་སྟངས། བྱིས་པའི་སེམས་ཁམས་དང་མཐུན་པའི་ཚོན་ཁྲ་འདེམས་སྟངས་བཅས་རྩ་བའི་ཤེས་བྱ་ཁག་ངོ་སྤྲོད་གནང་བར་མ་ཟད། དེབ་ཀྱི་གཞི་རྩའི་བཟོ་འགོད་བྱེད་སྟངས་དང་། ཤོག་བྱང་བཟོ་སྒྲིག་བྱེད་སྟངས། པར་བཟོ་སྟངས་བཅས་ཀྱི་ཟབ་ཁྲིད་ཀྱང་གནང་ཡོད། དེའི་རྗེས་སུ་ཤེས་རིག་ཤེས་ཡོན་འགན་འཛིན་ཟུར་པ་རྒྱལ་མཚན་ལགས་ཀྱིས་སློབ་དེབ་སྒྲིག་སྐབས་བྱིས་པའི་བསམ་བློ་དང་འཚམས་པའི་སྦྱོང་ཚན་དང་དྲི་བ་འགོད་སྟངས་བཅས་ཀྱི་ཟབ་ཁྲིད་གནང་གཏན་འཁེལ་ཡོད།
ཟབ་སྦྱོང་འདིའི་དམིགས་ཡུལ་ནི་སློབ་དེབ་རྩོམ་སྒྲིག་པ་རྣམས་ལ་སློབ་དེབ་ཇུས་འགོད་ཀྱི་ཤེས་བྱ་གསར་པ་སྤྲོད་པ་དང་། སློབ་དེབ་ཀྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན།