བཀུར་འོས་དགེ་རྒན་ཚེ་རིང་དོན་གྲུབ་ལགས་ལ་མྱ་ངན་ཞུ།

བོད་ཁྱིམ་སློབ་གྲྭའི་དགེ་རྒན་བཀུར་འོས་ཚེ་རིང་དོན་གྲུབ་ལགས་སྐུ་གཤེགས་པར་བོད་མི་དང་། ཨོག་སུ་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་བོད་སྐད་ཡིག་སྡེ་ཚན་བཅས་ཀྱིས་མྱ་ངན་ཞུས་ཡོད། ཁོང་ནི་བོད་མི་ཚོར་བྱམས་བརྩེ་དང་ཤེས་ཡོན་སྦྱིན་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན།

དགེ་རྒན་ཚེ་རིང་དོན་གྲུབ་ལགས་ནི་བོད་ཕྲུག་སྟོང་ཕྲག་མང་པོར་བྱམས་བརྩེ་དང་ཤེས་རབ་ཀྱི་སྒྲོན་མེ་སྦར་མཁན་ཞིག་ཡིན་པར་མ་ཟད། ནུབ་ཕྱོགས་ན་བོད་ཀྱི་ངོ་བོ་མཚོན་ཐུབ་པའི་རྡོ་རིང་ཞིག་དང་། རིག་གནས་དང་ཤེས་ཡོན་འབྲེལ་ལམ་བཅས་ཀྱི་ཟམ་པ་ཞིག་ཀྱང་ཡིན། ཁོང་གི་ཕྱག་ལས་དང་། ཕུགས་བསམ། ཐུགས་གཤིས་བཅས་ལ་ཡུན་རིང་ཡིད་སྨོན་དང་། གུས་ཞབས་རྒྱུན་མར་སྐྱེས་པའི་ཁོང་གི་གྲོགས་པོ་དགེ་བཤེས་བློ་བཟང་སྨོན་ལམ་དང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་ཡོངས་ཀྱིས་དེ་རིང་ཁོང་ལ་ཆེས་མཐའ་མའི་གྱེས་ཕྱག་མི་ཞུ་ཀ་མེད་བྱུང་ཡོད།

ཁོང་མ་བཞུགས་པ་ནི་བོད་རིགས་སྤྱི་དང་། ཨོག་སུ་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་བོད་སྐད་ཡིག་དང་བོད་འབྲེལ་སྡེ་ཚན་ཁག། དབྱིན་ཡུལ་བོད་མི་རྣམས་ཀྱི་གྱོང་གུད་ཚད་མེད་ཅིག་ཡིན། ལྷག་པར་གུས་པ་ཅག་ལ་མཚོན་ན། སྨོན་ལམ་ཚིག་མཛོད་ཆེན་མོའི་རྒྱལ་སྤྱིའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་མ་ཟད། ཁྱེད་ཀྱིས་རོགས་རམ་གནང་བ་ཧ་ཅང་མང་། ད་དུང་ཁྱེད་མ་ཕེབས་པའི་ཉིན་གཅིག་གི་གོང་ལ། ཁྱེད་ཀྱིས་གུས་པ་ཅག་གི་ལས་ཁུངས་ལ་བཅངས་པའི་ལམ་སྟོན་དྲ་ལམ་བརྒྱུད་ནས་བཀའ་མོལ་གནང་བ་ད་དུང་ལྷང་ངེར་དྲན།

འོན་ཀྱང་ལས་དབང་ལ་བཟློག་ཐབས་མེད་པས་ཁྱེད་བདེ་བར་ཕེབས་རོགས། གུས་པ་ཅག་གིས་༸འཕགས་མཆོག་ཕྱག་ན་པདྨོ་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་ལ་དགེ་སྐུལ་བསྔོ་བ་སྨོན་ལམ་གང་ཡོང་ཞུ་བཞིན་ཡོད། གུས་པ་ཅག་གི་སེམས་ཁོང་ལ་རྟག་ཏུ་གནས་པའི་སྐྱེས་བུ་དམ་པ་ལགས། བདེ་བར་གཟིམས། ངེད་ཅག་གི་བློ་འདོན་པ། གྲོགས་མཆོག་དམ་པ་ལགས། ཁྱེད་ཀྱི་ཤུལ་ལུས་ནང་མི་འབྲེལ་ཡོད་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ།