༢༠༢༢ ལོའི་འབུམ་རམས་པའི་སློབ་མར་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་བོད་རིག་པའི་དྲ་ལམ་བགྲོ་གླེང་ཚོགས་འདུ།

ཕྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༡༡ དང་ ༡༢ ཏེ་ཉིན་གཉིས་རིང་དྲ་ལམ་བརྒྱུད་འབུམ་རམས་པའི་སློབ་མར་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་སྐོང་འཚོགས་གནང་།

ཚོགས་འདུ་འདི་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་ཁག་ཅིག་སྟེ། ཧྥ་རན་སིར་རྟེན་གཞི་བྱས་པའི་ཨ་ནལ་གོ་གཙུག་ལག་སློབ་ཆེན་ (Inalco) དང་། ཐའེ་ཝན་དུ་རྟེན་གཞི་བྱས་པའི་ཧྥོ་ཀོན་གཙུག་ལག་སློབ་གྲྭ་ཆེན་མོ་ (Fo Guang University)། ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་ཡོད་པའི་ཋ་སི་མ་ནི་ཡ་གཙུག་ལག་སློབ་ཆེན་ (University of Tasmania)། ཉི་ཧོང་གི་ཧེ་རི་ཤི་མ་གཙུག་ལག་སློབ་ཆེན་ (Hiroshima University)བཅས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ལས་རིམ་འདིའི་དམིགས་ཡུལ་གཙོ་བོ་ནི་བརྡ་འཕྲིན་དུས་རབས་འདིར་གློག་ཀླད་སྒེའུ་ཁུང་གཅིག་གི་ནང་དུ་འཛམ་གླིང་སྤྱི་ཡོངས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མྱོང་བཞིན་པ་ལྟར། རྒྱལ་སྤྱིའི་ཁྱོན་ཡོངས་སུ་བཞུགས་པའི་བོད་རིག་པའི་ཤེས་ཡོན་ཅན་སྤྱི་དང་ལྷག་པར་དུ་འབུམ་རམས་པའི་སློབ་མ་རྣམས་ཀྱིས་རང་གི་ཉམས་མྱོང་སྤེལ་རེས་དང་། ཞིབ་འཇུག་གི་ཁ་ཕྱོགས། མཉམ་འབྲེལ་དང་འབྲེལ་ལམ་བཅས་ཡར་རྒྱས་གོང་འཕེལ་ཆེད། དྲ་ལམ་ནས་ལེགས་བཤད་དང་ཉམས་མྱོང་སྤེལ་རེས་བྱ་རྒྱུ་ཧ་ཅང་གལ་ཆེ་ཞིང་། དྲ་ལམ་ནས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འདི་ལྟ་བུ་གོ་སྒྲིག་བྱས་ན་ཕན་ཐོགས་ངེས་ཅན་ཞིག་ཡོང་ཐུབ་པར་མཐོང་བས། དྲ་ལམ་བགྲོ་གླེང་འདིར་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་རིག་པའི་མཁས་པ་དང་ཞིབ་འཇུག་པ་སོགས་ཀྱིས་མཉམ་འབྲེལ་དང་མཉམ་ཞུགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།

ཐེངས་འདིའི་ཚོགས་འདུ་ལ་འབུམ་རམས་པའི་སློབ་མ་ ༢༠ དང་དེ་ལ་སློབ་སྟོན་གནང་མཁན་འཛམ་གླིང་ས་ཕྱོགས་གང་ས་ནས་དགེ་རྒན་ཆེན་མོ་ ༡༤ གདན་ཞུས་ཀྱིས་སོ་སོའི་བརྗོད་གཞི་དང་འབྲེལ་བའི་ཐོག་ནས་གཏམ་བཤད་དང་། དེ་ལ་ཆེད་ལས་མཁས་པའི་དགེ་རྒན་ཆེན་མོས་ལམ་སྟོན་གནང་ཡོད་ལ། གཞན་ཡང་ཟུར་ཞུགས་པ་ མི་གྲངས་ ༢༡ མཉམ་ཞུགས་གནང་ཡོད་པ་རེད།