བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་བགྲོ་གླེང་།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༨ ཉིན་གྱི་སྔ་དྲོར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་བྱས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་གསར་པ་ཞིག་དང་འབྲེལ་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་དེ་ཡིན།

སྐུ་མགྲོན་གཙོ་བོ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས། ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་དཔེ་མཛོད་རིག་པའི་ཆེད་ལས་པ་ངག་དབང་ཚེ་དཔག་ལགས། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་ཨ་ཅ་རྱ་བསོད་ནམས་སྟོབས་རྒྱལ་ལགས་བཅས་ཚོགས་འདུར་ཕེབས་ཡོད།

སྤྲུལ་སྐུ་མཐུ་སྟོབས་ལགས་དང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས་མཉམ་འབྲེལ་གྱིས་གསར་དུ་བཟོས་པའི་དཔེ་མཛོད་མཉེན་ཆས་འདིའི་གལ་ཆེའི་རང་བཞིན་དང་། མ་འོངས་པར་ཡར་རྒྱས་རྒྱུན་སྐྱོང་ཡོང་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་ཟབ་རྒྱས་ཕེབས་ཡོད། དེ་བཞིན་འབྲེལ་ཡོད་དགོན་སྡེ་ཁག་གི་དཔེ་མཛོད་དོ་དམ་པ་དང་། ཤེས་ཡོན་སྡེ་ཚན་ཁག་གི་འགན་འཛིན་དང་། སློབ་སྤྱི། རྩོམ་པ་པོ། དགེ་རྒན་སོགས་གནད་ཡོད་མི་སྣ་བརྒྱད་ཅུ་མ་ཟིན་ཙམ་ཚོགས་འདུར་དངོས་སུ་བཅར་ནས། མཉེན་ཆས་འདི་དང་འབྲེལ་བའི་བགྲོ་གླེང་དྲི་བ་དྲིས་ལན་ལྷུག་པོར་གནང་ཡོད།

དཔེ་མཛོད་མཉེན་ཆས་འདི་ད་ལྟ་སྤྱི་ཚོགས་ཁྲོད་ཚོད་ལྟའི་ཚུལ་དུ་རིན་མེད་འགྲེམ་སྤེལ་བྱས་ཡོད་ལ། དཔེ་མཛོད་མཉེན་ཆས་འདིས་བོད་ཀྱི་གནའ་དེང་ཤེས་རིག་གི་བང་མཛོད་ཆེན་པོ་འདི་འཛམ་གླིང་འཕྲུལ་རིག་འཕེལ་འགྲོས་ཀྱི་རྗེས་ཟིན་ཏེ། ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་འདི་ཉིད་རྒྱུན་འཛིན་དང་ཡར་རྒྱས་ཐད་ཞབས་འདེགས་བླ་མེད་ཞུ་ཐུབ་པའི་རེ་ལྟོས་བཅས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས།