བོད་རྒྱ་ཚིག་མཛོད་ཀྱི་མཉེན་ཆས་དངོས་སུ་འགྲེམ་སྤེལ་བྱས་པ།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༢༦ ཉིན། ཐའེ་པེ་གྲོང་ཁྱེར་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་བོད་རྒྱ་ཚིག་མཛོད་དངོས་སུ་འགྲེམ་སྤེལ་གྱི་མཛད་སྒོ་བསྐོང་འཚོགས་གནང་།
མཛད་སྒོའི་ཐོག་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་གཙོས་ལས་བྱེད་དང་ཚོགས་མི་རྣམ་པ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས། གཞན་ཡང་ཐའེ་ཝན་དུ་གནས་བཞུགས་བླ་སྤྲུལ་མཁན་པོ་དང་དགེ་བཤེས་གྲྭ་བཙུན་བཅས་མཉམ་ཞུགས་གནང་ཡོད།
བརྡ་འཕྲིན་གྱི་དུས་རབས་འདིར་ཤེས་ཡོན་དང་འབྲེལ་བའི་ལས་རིགས་ཡོངས་འཕྲུལ་ལས་ཀྱི་དགོས་མཁོ་དང་ཁ་འབྲལ་ཐབས་མེད་ཅིང་། དེང་སང་སྐད་ཡིག་འདྲ་མིན་འཕྲུལ་ལས་ཁྲོད་བཀོལ་སྤྱོད་སྟབས་བདེ་དང་། ཡར་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད་ནའང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་ཧ་ཅང་ཉུང་ལ། སྐད་གཉིས་ཚིག་མཛོད་ཀྱི་མཉེན་ཆས་དེ་བས་ཀྱང་ཉུང་། སྐབས་དོན་བོད་རྒྱ་ཚིག་མཛོད་ནི་རིག་གཞུང་ནང་འདྲེན་དང་ཁྱབ་སྤེལ་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་གྱིས་བོད་རྒྱ་ཚིག་མཛོད་མཉེན ཆས་འདིར་མ་ཚིག་ལྔ་ཁྲི་ལྷག་ཅིག་བསྡུ་སྒྲིག་དང་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་རིན་མེད་དུ་འགྲེམ་སྤེལ་བྱས་པ་ཡིན།
ཚིག་མཛོད་འདིའི་རྒྱུ་ཆ་གཙོ་བོ་ནི་བོད་ཡིག་ཚིག་མཛོད་གསར་མ་གཙོར་བཟུང་ཐོག་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་བཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ནང་ཚན་གྱི་བོད་རྒྱ་སྐད་གཉིས་ཁ་སྣོན་བྱས་ཡོད། ད་དུང་སྐད་ལྔ་ཤན་སྦྱར་གྱི་ཚིག་མཛོད་ནང་གི་བོད་རྒྱ་གཉིས་ཀྱི་ཐ་སྙད་ཆ་ཚང་བ་ཡང་ཁ་སྣོན་བྱས་ཡོད།
འདིར་ད་དུང་འཐུས་སྒོ་མ་ཚང་བ་དང་། ཡིག་ནོར་སོགས་མང་དག་ཅིག་ལྷག་ཡོད་ངེས་མོད། རིམ་གྱིས་ཡར་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་འཆར་ཡོད། ཚིག་མཛོད་འདིའི་མ་ཚིག་དང་འགྲེལ་ཚིག་གཉིས་ཀ་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱི་ལྟ་བ་ཡིན་པའི་ངེས་པ་མེད།
ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། གློག་ཀླད་དང་ཁ་པར་ནང་བཀོལ་སྤྱོད་བདེ་བའི་བོད་རྒྱ་སྐད་གཉིས་ཚིག་མཛོད་བཟོས་ཏེ། ཆོས་དང་རིག་གནས་སློབ་གཉེར། ཡིག་སྒྱུར། ཞིབ་འཇུག་སོགས་དར་སྤེལ་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་དེ་ཡིན།