དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་དྲ་རྒྱའི་རིག་གནས་སྐོར་བགྲོ་གླེང་གནང་བ།
མཁས་པའི་བགྲོ་གླེང་འདིའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་དྲ་རྒྱའི་རིག་གནས་ཀྱི་འབྲེལ་བ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་“བོད་ཀྱི་ཐ་སྙད་གསར་པའི་ཤེས་བྱའི་འགྲན་ཚོགས་”དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་པ་དང་། མཛད་སྒོ་དེའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་མཁས་དབང་དང་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་གནང་ཡོད།
མཛད་སྒོའི་རྗེས་ཀྱི་མཁས་པའི་བགྲོ་གླེང་གི་ལས་རིམ་ནང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ “བོད་ཀྱི་སྐད་ཡིག་དང་དྲ་རྒྱའི་རིག་གནས་ཀྱི་འབྲེལ་བ་གླེང་བ།” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གསུང་བཤད་གནང་ཞིང་། ཁོང་གིས་དེང་དུས་ཀྱི་བརྡ་འཕྲིན་འཕྲུལ་རིག་དང་དྲ་རྒྱའི་བརྒྱུད་ལམ་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་ཕྱོགས། དེ་བཞིན་དེང་རབས་རིག་གནས་དང་བོད་ཡིག་བར་གྱི་འབྲེལ་བ་གལ་ཆེན་ཡིན་པའི་སྐོར་བཅས་ནས་སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་གསལ་པོ་གནང་ཡོད།
མཁས་པའི་བགྲོ་གླེང་གི་ལས་རིམ་འདིའི་ནང་དུ་དགེ་བཤེས་ལགས་དང་ལྷན་དུ་གཞན་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༼བོད་ཀྱི་སྐད་ཡིག་དང་དེང་དུས་ཡིག་སྒྱུར་བར་གྱི་འབྲེལ་བ་གླེང་བ།༽ཞེས་པ་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་༼བོད་ཀྱི་སྐད་ཡིག་དང་དེང་དུས་ཀྱི་གསར་འགྱུར་བར་གྱི་འབྲེལ་བ་གླེང་བ།༽ ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ ༼བོད་ཀྱི་བརྡ་ཆད་གཏན་འབེབ་སྐབས་ཀྱི་དཀའ་གནད་གླེང་བ།༽ བཅས་ཀྱི་བརྗོད་གཞིའི་ཐོག་སོ་སོར་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད།
ཐེངས་འདིའི་འགྲན་ཚོགས་ནང་ས་རཱ་དང་ནོར་གླིང་མཐོ་སློབ་སོགས་བཙན་བྱོལ་ནང་གི་སློབ་གྲྭ་དང་དགོན་སྡེ་ཁག་ ༡༦ ནས་སློབ་མ་དང་གྲྭ་བཙུན་གྲངས་ ༨༠ ཙམ་མཉམ་ཞུགས་གནང་། ཕྱི་ཚེས་ ༦ ཉིན་འགྲན་བསྡུར་དངོས་སུ་མཇུག་བསྒྲིལ་ཏེ། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་རྩེ་ཕུད་ཚོར་གཟེངས་རྟགས་གནང་ཡོད།