ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་གཉིས་པའི་སྟེང་། གནས་མཆོག་རྡོ་རྗེ་གདན་གྱི་བྷོ་དྷི་གྷ་ཡ་རི་ཇན་སི་གསོལ་མགྲོན་ཁང་ (Bodhgaya Regency Hotel) གི་ཚོགས་ཁང་དུ། དཔལ་ས་སྐྱའི་བསྟན་པའི་མངའ་བདག་སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ༸འཇམ་མགོན་བསྟན་པའི་གསལ་བྱེད་ཤར་པ་ཆོས་རྗེ་མཆོག དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག དེ་བཞིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དང་མཁས་དབང་རྣམ་པ། སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་རྣམ་པ་དང་། འབྲེལ་ཡོད་སེར་སྐྱ་ཕོ་མོ་ཁྱོན་ ༣༠༠ ཡས་མས་འཛོམས་ཡོད།

སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པའི་ངོ་སྤྲོད།

ཐེངས་འདིའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་ནི། མ་ཚིག་ཉིས་འབུམ་ཆིག་ཁྲི་ཆིག་སྟོང་བརྒྱ་དང་བཅུ་གསུམ་ཡོད་པས། སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་དང་པོ་དང་བསྡུར་ན་ལྡབ་གཅིག་གིས་མང་དུ་ཕྱིན་ཡོད། དེ་བཞིན་འཇུག་དོན་ལ་ཁ་སྣོན་དང་། བརྡ་སྤྲོད་དང་བརྡ་ཆད་ཀྱི་དབྱེ་བ་ལ་ཡར་རྒྱས་གང་འཚམ་བཏང་ཡོད་པར་མ་ཟད། ཨན་ཌོ་ (Android) མ་ལག་གི་ནང་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་མཉེན་ཆས་གསར་འཇུག་དང་། ཀུ་ཤུ་རྟགས་ཅན་གྱི་ནང་དུ་བསྐྱར་སྣོན་བྱས་ཡོད།

བོད་ཀྱི་ཚིག་མཛོད་རིག་པའི་དཔེ་དེབ་གསར་རྩོམ།

གཞན་ཡང་ལོ་ངོ་དྲུག་གི་ཚིག་མཛོད་རྩོམ་སྒྲིག་གི་ཉམས་མྱོང་གཞི་ལ་བཞག་སྟེ། བོད་ཀྱི་ཚིག་མཛོད་རིག་པའི་གཞུང་ལུགས་ཀྱི་དཔེ་དེབ་བོད་ཀྱི་ཚིག་མཛོད་རིག་པ་གསར་རྩོམ་བྱས་ཡོད། འདི་ནི་ད་ལྟའི་བར་དུ་བོད་ཀྱི་ལོ་རྒྱུས་ནང་དུ་ཚིག་མཛོད་རིག་པའི་གཞུང་ལུགས་ཀྱི་དཔེ་དེབ་གསར་རྩོམ་བྱས་པ་ཐོག་མ་ཡིན། འདིས་མ་འོངས་པར་ཚིག་མཛོད་རྩོམ་སྒྲིག་བྱེད་མཁན་རྣམས་ལ་ཐུགས་ཕན་སོས་པའི་རེ་བ་བཅངས་ཡོད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གྱི་གསུང་བཤད།

ཚོགས་འདུའི་མཛད་སྒོའི་སྟེང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད་སྐབས། ཚིག་མཛོད་ཐོན་རིམ་དང་པོའི་མ་ཚིག་ཆིག་འབུམ་ལྷག་ཡོད་པ་དེ་ཐའེ་ཝན་ནས་རྒྱ་ཡིག་ལ་བསྒྱུར་ནས་ཚར་གྲབས་ཡོད་པ་དང་། དེ་བཞིན་སོག་ཡིག་སོགས་བོད་ཀྱི་ཆོས་རིག་དང་འབྲེལ་བ་ཡོད་པའི་སྐད་ཡིག་གཞན་ལའང་བསྒྱུར་རྒྱུའི་རེ་བ་བཅངས་ཡོད། གཞན་ཡང་ལས་གཞི་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཆོས་བརྒྱུད་གྲུབ་མཐའ་ཡོངས་རྫོགས་ཀྱིས་མཉམ་ལས་གནང་བའི་ལས་གཞི་རྒྱ་ཆེན་པོ་ཞིག་ཡིན་སྟབས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཀྱང་མུ་མཐུད་དུ་ཡར་རྒྱས་བཏང་སྟེ་ཚད་ལྡན་ཞིག་ཆགས་པར་འབད་བརྩོན་ཞུ་བཞིན་ཡོད་སྐོར་བརྗོད་སོང་།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་གྱི་གསུང་བཤད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས། ཚིག་མཛོད་རིག་པའི་དཔེ་དེབ་ངོ་སྤྲོད་སྐབས། སྤྱིར་ཚིག་མཛོད་ཅིག་སྒྲིག་པར་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་དང་། ཐེངས་འདིའི་ཚིག་མཛོད་རིག་པའི་གཞུང་ལུགས་དེ་བརྡ་སྤྲོད་ཀྱི་དབྱེ་བ་དང་བརྡ་ཆད་ཀྱི་དབྱེ་བ། འགྲེལ་བཤད་རྒྱག་སྟངས་ཀྱི་རིམ་པ་བཅས་རྩ་བའི་སྒྲོམ་གཞི་གསུམ་དང་དེའི་འོག་ལ་ནང་གསེས་སྡེ་ཚན་བཅུ་དྲུག་ཏུ་ཕྱེ་ནས་ཚིག་མཛོད་རིག་པའི་སྒྲོམ་གཞི་ཞིག་བསྒྲིགས་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ།

བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚིག་མཛོད་ཀྱི་གལ་གནད་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་དོན། ཚིག་མཛོད་ནི་ཤར་ཕྱོགས་དང་ཁྱད་པར་དུ་ནང་པའི་རིག་གཞུང་ནང་གནའ་སྔ་མོ་ནས་ཡོད་པ་ཞིག་ཡིན་ལ། ལྷག་པར་དུ་སློབ་དཔོན་དབྱིག་གཉེན་གྱིས་རྣམ་བཤད་རིག་པར་དོན་གཅིག་མིང་གི་རྣམ་གྲངས་རྣམས་སྒྲ་གཅིག་སྐབས་ཐོབ་ཀྱིས་དོན་གང་ལ་འཇུག་པའི་རྣམ་དབྱེ་ཕྱེ་བ་དང་། མདོ་ཡི་དགོངས་པ་བསྟན་བཅོས་ཀྱིས་ཇི་ལྟར་འགྲེལ་ཚུལ་གྱི་རྣམ་གཞག་བྱས་པ་འདི་ལྟ་བུ་གཞན་ན་མེད་ཅེས་ཁ་ཚོན་བཅད་ནས་བཤད་ཐུབ། དེ་བཞིན་དུ་སྒྲ་རྣམས་སེལ་འཇུག་ཡིན་པ་ནང་པའི་ཚད་མ་རིག་པའི་གཞུང་ནས་བཤད་པ་ནི་དེང་རབས་ཚན་རིག་དང་མཐུན་པ་ཞིག་ཡིན་པས། ང་ཚོས་ཚིག་མཛོད་དང་ཚིག་མཛོད་རིག་པ་གང་ཡིན་ཡང་རང་གི་རིག་གཞུང་གཞི་ལ་བཞག་ནས་བསྒྲིགས་ན་སྒྲིག་མ་ཐུབ་པ་གང་ཡང་ཡོང་གི་མ་རེད། འོན་ཀྱང་གཞན་ནས་ལེགས་ཆ་ལེན་པ་དང་ཁ་སྐོང་གང་དགོས་བྱ་འོས། དེ་བཞིན་ཚིག་མཛོད་ལ་དབྱེ་ན་རིགས་ཆེན་པོ་གསུམ་ཙམ་དུ་འདུ། དང་པོ། ཡི་གེའི་དག་ཆ་སྟོན་པའི་དག་ཡིག་ཀྱང་ཚིག་མཛོད་ཀྱི་རིགས་ཤིག་ཡིན། གཉིས་པ། དོན་གྱི་རྣམ་གཞག་འཇུག་ཚུལ་སྟོན་པའི་ཚིག་མཛོད་རྣམས་ནི་ཅུང་དཀའ་ལས་ཁག་པོ་ཡིན། གསུམ་པ། སྐད་ཡིག་གཞན་དང་ཤན་སྦྱར་བྱས་པའི་ཚིག་མཛོད་ནི་ཅུང་ལས་སླ་བར་སྣང་། འོན་ཀྱང་མ་འོངས་པར་ཚིག་མཛོད་འདི་སྐད་ཡིག་གཞན་ལ་བསྒྱུར་སྐབས་སྔོན་གྱི་ལོ་ཙྭ་བས་གཏན་ལ་ཕབ་པའི་བྱེ་བྲག་རྟོགས་བྱེད་ཆེ་ཆུང་དང། ལྕང་སྐྱ་རིན་པོ་ཆེས་བཀའ་བསྟན་མན་ཇུ་སོགས་ཀྱི་ཡི་གེར་སྒྱུར་སྐབས་གཏན་ལ་ཕབ་པའི་དག་ཡིག་མཁས་པའི་འབྱུང་གནས་ཀྱི་གླེང་བརྗོད་སོགས་ལ་ཞིབ་འཇུག་དང་ལག་ལེན་བྱེད་རྒྱུ་གལ་ཆེན་དུ་མཐོང་། སྤྱིར་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ནི་ལས་གཞི་གལ་ཆེན་ཞིག་དང་སྤྱི་ཚོགས་ནང་ཁ་ཡོག་ལག་ཡོད་ཀྱིས་ཕན་རླབས་ཆེ་བ་ཞིག་ཏུ་མཐོང་གི་ཡོད། ད་ལན་ཁྱེད་ཚོས་ཚིག་མཛོད་རྩོམ་སྒྲིག་གནང་བ་དང་ཆབས་གཅིག་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་བརྩམས་ནས་འགྲེམ་སྤེལ་བྱས་པ་འདི་དམིགས་བསལ་གྱིས་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་ཚུལ་དང་། བོད་ཀྱི་སྐད་ཡིག་ནང་ལ་ཚིག་མཛོད་མང་པོ་ཡོད་ཅིང་བྱུང་སྔ་པའི་གྲས་ཡིན་ནའང་། བོད་ཀྱི་སྐད་ཡིག་ནང་ལ་ཚིག་མཛོད་རིག་པ་དེ་མེད་པ་དང་། ད་ལྟ་ཚིག་མཛོད་རིག་པའི་གཞུང་ལུགས་གསར་པ་བྱུང་བ་དེ་ཞེ་དྲག་ཡག་པོ་བྱུང་ཡོད་ཚུལ་དང་། འདི་ལ་བརྟེན་ནས་བོད་ཀྱི་ཚིག་མཛོད་རིག་པའི་གཞུང་ལུགས་ཡར་རྒྱས་འགྲོ་བའི་རྨང་གཞིའི་འགོ་ཚུགས་པ་དང་། ཤིང་རྟའི་སྲོལ་ལྟ་བུ་ཞིག་ཕྱེ་བ་རེད། སྤྱིར་ཚིག་མཛོད་དང་ཚིག་མཛོད་རིག་པའི་གཞུང་ལུགས་གཉིས་གལ་ཆེ་མཉམ་ལྟ་བུ་ཞིག་ཡིན་ཞིང་། ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་ཡོད་ན་ཚིག་མཛོད་བཟོ་མཁན་མཁས་པ་སུ་འདྲ་ཞིག་བྱུང་ནའང་མཚན་ཉིད་ལ་བསྟུན་པའི་རིག་པའི་གཞུང་ལུགས་ཤིག་ཡོད་སྟབས། དེའི་འོག་ལ་ཕྱག་ལས་གནང་རྒྱུ་ཞེ་དྲག་ལས་སླ་རུ་འགྲོ་རྒྱུ་དང་། རིག་པའི་གཞུང་ལུགས་དང་མཐུན་མིན་གྱི་རྣམ་དབྱེ་ཕྱེ་རྒྱུ་ཡོད་པ་དེ་ཞེ་དྲག་ཡག་པོ་ཡོད་ཚུལ་སོགས་གསུངས།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་བཀའ་སློབ།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། རྒན་སྨོན་ལམ་གྱིས་ཁུར་བཞེས་ཏེ་བོད་ཀྱི་ཚིག་མཛོད་དེ་ཚོ་སྔར་གང་ཡོད་པ་དེའི་སྟེང་དེང་དུས་ཀྱི་རིག་རྩལ་དང་མཐུན་པའི་ཚིག་མཛོད་རིམ་པ་བཞིན་དུ་བྱུང་ཡོད་པ་རེད། དེ་ནི་དཔེ་མི་སྲིད་པའི་ཡག་པོ་རེད། ང་རང་ཚོའི་ཤེས་རིག་ཐོག་སློབ་སྦྱོང་བྱེད་མཁན་གང་འདྲ་ཞིག་ལ་ཡིན་ནའང་ཕན་ཐོགས་ཆེན་པོ་ཡོད་པ་དང་། མ་འོངས་པར་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་པ་རེད། མང་ཚོགས་ངོས་ནས་ཀྱང་ཁོང་ཚོས་དཀའ་ལས་བརྒྱབ་པའི་དེབ་དེ་ཚོ་བེད་སྤྱོད་ཡག་པོ་བྱས་ནས་སྔར་དང་མི་འདྲ་བར་དེང་དུས་ཀྱི་རིག་གསར་དང་མཐུན་པ་ཞིག་གསར་གཏོད་གནང་ཡོད་པ་རེད། དེས་སོ་སོའི་སློབ་སྦྱོང་བྱེད་པ་དང་གོ་བ་ལོན་པར་ཕན་ཐོགས་ཆེན་པོ་ཡོད་སྟབས་ཚང་མས་དེར་ཐུགས་སྣང་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས།

༸ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་སློབ།

༸ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། ཚིག་མཛོད་འདི་ལྟ་བུ་ཞིག་གི་ཐོག་ནས་སློབ་སྦྱོང་བྱེད་ཐུབ་ན་ཕན་ཐོགས་ཏན་ཏན་ཆེན་པོ་ཡོད་པ་རེད། དཔེར་ན་དོན་དམ་བདེན་པ་ལྟ་བུའི་མིང་ཚིག་གཅིག་ལ་གྲུབ་མཐའ་བཞི་པོ་སོ་སོའི་བཞེད་པ་མི་འདྲ་བ་ག་རེ་ཡོད་པ་དང་། དེ་བཞིན་ང་ཚོ་བོད་ཀྱི་ཆོས་བརྒྱུད་གཅིག་གི་མཁས་པ་མི་འདྲ་བ་ཚོས་བཤད་ཚུལ་མི་འདྲ་བ་ག་རེ་ཡོད་པ་ཚང་མ་ཚིག་མཛོད་འདིའི་ནང་ནས་ཤེས་ཐུབ་ཀྱི་ཡོད་པ་དང་རྟོགས་ཐུབ་ཀྱི་ཡོད་སྟབས་དཔེ་ཆ་མང་པོ་གང་དུ་སོང་ན་འཁྱེར་མ་དགོས་པར། དེང་སང་གི་འཕྲུལ་ཆས་ཀྱི་ཐོག་ནས་ཚིག་གཅིག་ལ་བརྗོད་བྱ་མི་འདྲ་བའི་ཐོག་ནས་མཇལ་རྒྱུ་ཡོད་པ་དང་། སྟབས་བདེ་བའི་ཐོག་ནས་དེ་ཚོའི་ཐོག་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཞིག་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཚིག་མཛོད་འདིས་སྤྱིར་ཐོས་བསམ་བྱེད་མཁན་ཚོར་ཕན་ཐོགས་ཡོད་པ་དང་། ལྷག་པར་དུ་རིགས་གཅིག་རྐང་འཛིན་གནང་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོད་པའི་རང་བཞིན་ཡིན་པར་ངོས་འཛིན་ཞུ་ཡི་ཡོད། ཅེས་གསུངས།

མཇུག་བསྡོམས་གཏམ་བཤད།

མཇུག་བསྡོམས་གཏམ་བཤད་སྐབས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ང་ཚོས་ཕྱི་ལོ་ ༡༩༥༠ སྔོན་ནས་བཀོད་ཡོད་པའི་ཐ་སྙད་དེ་ཚོ་གཙང་མ་བཟོ་ཐུབ་པའི་རེ་བ་རྒྱག་གི་ཡོད། དེའི་ནང་ནས་ལོ་རྒྱུས་དང་ལྟ་གྲུབ། ཆོས་ལུགས་སོགས་ཐ་སྙད་གོ་ཁག་པོ་དེ་ཚོ་ད་ཐེངས་ཀྱི་མི་ཐོག་འདི་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་མ་ཐུབ་ཚེ་སྐྱོ་རུ་སྐྱོ་རུ་འགྲོ་རྒྱུ་ཡིན་པ་དེ་བཤད་མ་དགོས་པ་ཞིག་ཡིན་སྟབས། ང་ཚོས་ད་ལན་ཤུགས་རྒྱག་དགོས་པ་ཞིག་ཆགས་འདུག ཐ་སྙད་གསར་པ་དེ་ཚོ་ང་ཚོའི་མི་ཐོག་འདིར་གཙང་མ་བཟོ་མ་ཐུབ་ནའང་མི་ཐོག་རྗེས་མ་ཚོས་བྱེད་ཐུབ་པ་ཞིག་རེད། རྩ་བའི་ང་ཚོའི་ལས་གཞི་དེ་ལོ་ ༩ ཡི་ལས་གཞི་ཞིག་རེད། རྗེས་མ་ལོ་གསུམ་གྱི་ལས་གཞི་དེའི་ནང་དེ་རིང་ཆེད་དུ་གདན་ཞུ་བྱས་པ་ནི་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཡོངས་ཀྱི་དབུ་ཁྲིད་དང་ཕྱག་ལས་གནང་མཁན་སོགས་དང་བཅས་པ་ཕལ་ཆེར་ཆ་ཚང་འདིར་ཕེབས་ཡོད་པ་རེད། རྩ་བའི་རྩོམ་སྒྲིག་ཚོགས་ཆུང་ ༣༣ དང་རྩོམ་སྒྲིག་པའི་མཚན་བཞེས་མཁན་གྲངས་ ༡༥༤ ཡོད་པ་རེད། རིགས་གཅིག་གིས་ཧ་ཅང་དཀའ་ལས་བརྒྱབ་ཡོད་པ་རེད། ཡིན་ནའང་རིགས་གཅིག་མིང་ཙམ་རེད། དེར་རྣམ་པ་ཚོས་དོན་དམ་བདེན་པ་ཟེར་བའི་ཐ་སྙད་དེར་ཡོངས་གྲགས་སུ་སོ་སོའི་ཆོས་བརྒྱུད་ཀྱི་ཡིག་ཆ་ག་རེ་ཚང་ཡོད་མེད་གཅིག་པོར་གཟིགས་ནའང་དེའི་ནང་སུ་ཞིག་ཆད་ཡོད་པ་དང་སུའི་འགྲེལ་བཤད་ཡོད་མེད་ཤེས་ཀྱི་ཡོད་པ་རེད།