ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་བརྒྱུད་ནས་གླེགས་བམ་ ༢༢༣ བདག་ཉིད་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དེ་ཨ་རིའི་མི་དམངས་ལ་ལེགས་སྐྱེས་སུ་འབུལ་བཞེས་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་ཤིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་གནད་ཡོད་མི་སྣ་དང་། གྲོགས་པོ་མང་པོ་མཉམ་ཞུགས་གནང་། ལས་རིམ་འདི་ནི་བོད་ཀྱི་སྐད་ཡིག་སློབ་གསོ་དང་། ཤེས་ཡོན་དང་རིག་གཞུང་བརྗེ་རེས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར།

སྨོན་ལམ་ཚིག་མཛོད་ཆེན་མོ་ནི་ཕྱི་ལོ་ ༢༠༡༢ ལོར་༸གོང་ས་མཆོག་གི་ཐུགས་རྗེ་ལམ་སྟོན་འོག་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་རྩོམ་སྒྲིག་སྡེ་ཚན་ ༣༥ ནས་རྩོམ་སྒྲིག་པ་ ༢༠༠ ལྷག་གིས་ལོ་ངོ་དགུའི་རིང་རྩོམ་སྒྲིག་གནང་བའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བཙན་བྱོལ་བོད་མིའི་མཉམ་རུབ་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན། ལས་གཞི་འདི་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣༡ ཉིན་ལེགས་པར་གྲུབ་ཅིང་། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༧ ཉིན་༸གོང་ས་མཆོག་དབུ་བཞུགས་ཐོག་དངོས་སུ་འགྲེམས་སྤེལ་དབུ་འབྱེད་གནང་།