འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་གཉིས་པ་དེ་རྒྱ་གར་དྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཚོགས་ཡོད།
ཚོགས་འདུའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་དྲུང་ཆེ་ནོར་བུ་དོན་ལྡན་མཆོག་གིས་དབུ་འབྱེད་གསུང་བཤད་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་ལམ་སྟོན་བཀའ་སློབ་གནང་ཞིང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གིས་ལས་གཞི་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་གནང་ཡོད།
ཚོགས་ཞུགས་རྩོམ་སྒྲིག་མི་སྣ།
ཚོགས་འདུའི་དགོས་དམིགས་གཙོ་བོ་ནི། སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ལས་གཞི་འདི་བཞིན་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། རིག་གནས་བཅས་ཀྱི་སྤྱིར་བཏང་གི་ཚིག་མཛོད་རྒྱས་པ་ཞིག་དང་། དེང་རབས་ཀྱི་ཚིག་མཛོད་རིག་པའི་ཁྱད་ཆོས་འཛོམས་པ་ཞིག་ཡོང་ཐབས་ལ་འབད་བཞིན་ཡོད་པས། འདི་ནི་བོད་མི་རིགས་དང་། བོད་ཀྱི་སྐད་ཡིག་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཆ་རྐྱེན་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། ལྷག་པར་དུ་ཚིག་མཛོད་འདིའི་ནང་བོད་ཀྱི་རིས་མེད་གྲུབ་མཐའ་ཁག་གི་ཆོས་ལུགས་ཐ་སྙད་ཅུང་ཆ་ཚང་ཞིང་འགྲེལ་བཤད་ཡང་དག་པ་ཞིག་ཡོང་རྒྱུ་གལ་ཆེ་བས། འབྲེལ་ཡོད་ཁུངས་སོ་སོར་འབྲེལ་བ་ཞུས་པ་ལྟར། ཆོས་བརྒྱུད་ཁག་སོ་སོའི་ངོས་ནས་རྩོམ་སྒྲིག་ཁང་བཙུགས་པ་དང་། རྩོམ་སྒྲིག་མི་སྣ་བསྐོ་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་རེབ་ཀྱི་ཚོགས་འདུའི་ཉིན་གསུམ་རིང་འབྲེལ་ཡོད་བརྗོད་གཞི་ཁག་གི་ཐོག་ནང་ཚགས་ཀྱི་གོ་བསྡུར་ལྷུག་པོ་བྱུང་བ་དང་། ཕན་ཚུན་དབར་མཐུན་ལམ་དག་སྣང་འོ་ཆུ་གཅིག་འདྲེས་ཀྱིས་གྲོགས་པོ་ཆགས་པ་འདི་བཞིན་ཧ་ཅང་གཟི་བརྗིད་ཅིག་ཡིན་པ་དང་། མ་འོངས་པར་ཡང་འདི་བཞིན་འགྲོ་ཐུབ་པའི་རེ་བ་ཡོད་སྐོར་དང་། དེ་བཞིན་འདི་ག་ཞིབ་འཇུག་ཁང་གི་ལས་ཀ་བྱེད་ཕྱོགས་དང་། རྗེས་མའི་ཚོགས་འདུ་འཚོགས་ཕྱོགས། ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་རྣམས་ཀྱིས་ལོ་རེའི་ལས་བསྡོམས་རེ་འདི་ག་ཞིབ་འཇུག་ཁང་ལ་འབུལ་ཐུབ་དགོས་སྐོར། ལས་གཞི་འདི་ལམ་ལྷོང་བྱུང་ན་སྤྱིར་བོད་མི་རིགས་དང་། བྱེ་བྲག་ཏུ་ཆོས་བརྒྱུད་སོ་སོ་དང་རྩོམ་སྒྲིག་པ་སྒེར་རྣམས་ཀྱི་གཟི་བརྗིད་ཀྱང་ཆགས་ངེས་ཡིན་པའི་སྐོར་སོགས་གསུངས་ཡོད།