༡. གསར་འགྱུར་གྱི་ཁ་བྱང་།
བོད་ཀྱི་གྲངས་འཛིན་དཔེ་མཛོད་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འབྱེད་གནང་།
༢. གསར་འགྱུར་གྱི་སྙིང་དོན།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༥ ཉིན་ཨིམ་པེ་རི་ཡལ་གསོལ་མགྲོན་ཁང་དུ་བོད་ཀྱི་གྲངས་འཛིན་དཔེ་མཛོད་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་ཆོས་རིག་དྲུང་ཆེ་དང་། ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་ཆེད་ལས་པ་སོགས་མི་གྲངས་ ༥༨ ཕེབས་ཞུགས་གནང་ཡོད། ཚོགས་ཆེན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། དེང་དུས་ཀྱི་བརྡ་འཕྲིན་ལག་རྩལ་བེད་སྤྱད་ནས་དཔེ་མཛོད་ཁང་དང་། ཡིག་རིགས། སྒྱུ་རྩལ་དངོས་རྫས་རྣམས་བཤེར་འབེབས་དང་། དཀར་ཆག་བཟོ་རྒྱུ། དེ་བཞིན་གཞོན་སྐྱེས་ཚོར་རིག་གཞུང་ངོ་སྤྲོད་དང་ཆེད་ལས་ཡར་རྒྱས་གཏོང་རྒྱུ་བཅས་ཡིན།
༣. གསར་འགྱུར་གྱི་དོན་སྙིང་།
ལོ་གསུམ་རིང་གི་ལས་གཞི་འདིའི་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་ལ་དམིགས་ཡོད། ལས་གཞི་འདིས་བོད་ཀྱི་རིག་གཞུང་དེང་དུས་ཀྱི་འཕྲུལ་ལས་དང་མཉམ་དུ་དར་སྤེལ་གཏོང་རྒྱུར་གལ་ཆེའི་ནུས་པ་འདོན་རྒྱུ་ཡིན། ཟབ་སྦྱོང་གི་དམིགས་ཡུལ་ནི་ལས་གཞིའི་ངོ་སྤྲོད་དང་གལ་གནད། དཀར་ཆག་མཉེན་ཆས་བདེ་སྤྱོད་གཏོང་ཕྱོགས། ཡིག་ཆ་བཤེར་འབེབས་བྱེད་སྟངས། འཕྲུལ་ཆས་ཆ་ཚང་བདེ་སྤྱོད་གཏོང་ཕྱོགས། དཀར་ཆག་བཟོ་སྒྲིག་བྱེད་ཕྱོགས། མ་འོངས་པར་སྐུ་ཐང་སོགས་པའི་སྒྱུ་རྩལ་དངོས་རིག་བདག་གཅེས་གནང་ཕྱོགས་བཅས་ཡིན།