སྨོན་ལམ་རིག་ནུས་ཚོད་ལྟ་རིམ་པ་དང་པོ་འགྲེམས་སྤེལ་གྱི་སྨོན་ལམ་མངོན་གྱུར་མཛད་སྒོ་ཚོགས་པ།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༠༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཐོག་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་སྨོན་ལམ་རིག་ནུས་ཚོད་ལྟ་རིམ་པ་དང་པོ་ངོ་སྤྲོད་འགྲེམས་སྤེལ་གྱི་མཛད་སྒོ་སྨོན་ལམ་མངོན་གྱུར་ཞེས་པ་དངོས་སུ་ཚོགས།

ཉིན་དེའི་ཞོགས་པར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་གཙོས་པའི་སྨོན་ལམ་རིག་ནུས་ལས་གཞིའི་འགན་འཁུར་བ་དང་ལས་མི་རྣམས་ལ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དམིགས་བསལ་མཇལ་ཁ་སྩལ་ཅིང་། སྐབས་དེར་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་༸གོང་ས་མཆོག་ལ་སྨོན་ལམ་རིག་ནུས་ལས་གཞིའི་གྲུབ་འབྲས་སྙན་སེང་ཞུས་པར་༸གོང་ས་མཆོག་ནས་"དཔེ་ཡག་པོ་འདུག མུ་མཐུད་དུ་འབད་བརྩོན་བྱོས་ཤོག"ཅེས་ཐུགས་དགྱེས་ཚོར་ཆེན་པོ་གནང་།

ཕྱི་དྲོ་ཆུ་ཚོད་ ༤ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམས་དང་སྲི་ཞུའི་ལས་བྱེད་ཁག་ཅིག དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་དང་། ཤེས་ཡོན་པ། གཞུང་འབྲེལ་མིན་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཉམས་ཞིབ་པ། ལས་འགུལ་བ་དང་གསར་འགོད་པ། མི་མང་བཅས་ཁྱོན་མི་གྲངས་སུམ་བརྒྱ་བརྒལ་བ་ལྷན་འཛོམས་ཐོག་སྨོན་ལམ་མངོན་གྱུར་གྱི་མཛད་སྒོ་དངོས་སུ་དབུ་འཛུགས་བྱས།

མཛད་སྒོའི་ཐོག་མར་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་རིག་ནུས་ལས་གཞི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་ཞིང་། དེ་ནས་རིམ་པར་ཡིག་སྒྱུར་རིག་ནུས་དང་། ཡིག་འཛིན་རིག་ནུས། འབྲི་ཀློག་རིག་ནུས་བཅས་ཚན་པ་སོ་སོའི་འགན་འཁུར་བ་རྣམས་ཀྱིས་རིག་ནུས་སོ་སོའི་ལས་ཀའི་བརྒྱུད་རིམ་དང་ཁྱད་ཆོས། ཕན་ནུས་སོགས་ངོ་སྤྲོད་གཏམ་བཤད་གནང་།

མཐར་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཉི་མ་ལགས་ཀྱིས་འཛིན་སྐྱོང་དང་འབྲེལ་བའི་ལས་གཞི་སྤྱི་ངོ་སྤྲོད་དང་། འཛིན་སྐྱོང་འགན་འཁུར་བ་བསྟན་འཛིན་རིག་ལྡན་ལགས་ཀྱིས་འབྲེལ་ཡོད་རྣམ་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་པར་གྲོལ།

སྨོན་ལམ་རིག་ནུས་ནི་ལོ་གསུམ་གྱི་ལས་འཆར་བསྒྲིགས་པའི་ལས་གཞི་རྒྱ་ཆེན་པོ་ཞིག་ཡིན་ལ། ད་སྔར་ལས་གཞི་འདིའི་ནང་དུ་མཉམ་ཞུགས་གནང་མཁན་ལས་མི་ཉིས་བརྒྱ་ལྷག་ཡོད་པ་ལས་བརྒྱ་ཆའི་ ༩༧ བོད་རིགས་གཞོན་སྐྱེས་ཤ་སྟག་ཡིན་པ་དང་། དེ་མིན་བརྒྱ་ཆའི་ ༢ གྲྭ་བཙུན་དང་། བརྒྱ་ཆའི་ ༡ ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་ཡིན།