བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་ཚོད་ལྟའི་མཉེན་ཆས་འགྲེམས་སྤེལ།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༩ ཉིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེ་མཉམ་འབྲེལ་གྱིས་བཟོས་པའི་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་རིན་མེད་དུ་འགྲེམ་སྤེལ་བྱས་ཡོད། མཉེན་ཆས་འདི་ནི་བོད་ཀྱི་སྐད་ཡིག་གཞི་རྩར་བཞག་ནས་རྒྱལ་སྤྱི་རང་བཞིན་ཅན་གྱི་དཔེ་མཛོད་རིག་པའི་འགྲོ་ལུགས་དང་མཐུན་པར་བཟོས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་བོད་ཀྱི་རིག་གཞུང་དུས་རབས་དང་མཐུན་པར་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་ཡིན།
མཉེན་ཆས་འདིས་དཔེ་མཛོད་ཁག་གི་འཛིན་སྐྱོང་ཆ་ཚང་བ་བྱེད་ཐུབ་པར་མ་ཟད། དཔེ་ཆ་གཡར་ལེན། དཔེ་ཆ་མཁོ་སྒྲུབ་དང་ཚོང་བསྒྱུར། ཁོངས་མི་དོ་དམ་སོགས་ཀྱང་བྱེད་ཐུབ། དེར་བརྟེན་བོད་དང་འབྲེལ་བའི་ཡིག་ཆ་ཉར་མཁན་རྣམས་ལ་སྟབས་བདེའི་དཔེ་མཛོད་འཛིན་སྐྱོང་བྱེད་པར་ལེགས་སྤེལ་ཉེས་འགོག་ཡོང་ཐབས་སུ་རིན་མེད་དུ་མཁོ་སྤྲོད་བྱས་པ་ཡིན།
མཉེན་ཆས་འདི་བཟོ་སྐབས་ལོ་ཤས་རིང་བོད་ཀྱི་སྐད་ཡིག་གཞི་རྩར་བཞག་ནས་རྒྱལ་སྤྱི་རང་བཞིན་ཅན་གྱི་དཔེ་མཛོད་རིག་པའི་འགྲོ་ལུགས་སྤྱི་དང་། གནའ་དེང་བོད་ཀྱི་ཆོས་རིག་གི་དབྱེ་བསྡུའི་འགྲོ་ལུགས་ཆ་ཚང་བའི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་ཡོང་བར་འབད་པ་བྱས་ཡོད།