སྨོན་ལམ་ཚིག་མཛོད་མཉེན་ཆས་ལེགས་འགྲུབ་བྱུང་བའི་གསར་འགོད་གསལ་བསྒྲགས།
ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་དང་ཡིག་འབྲུ་ས་ཡ་དྲུག་ལས་བརྒལ་བ་དང་། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་ཆེ་བའི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་རྨང་གཞིར་བཞག་ནས་གྲུབ་ཡོད།
ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༤ ཉིན་དྷ་རམ་ས་ལའི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོའི་མཉེན་ཆས་ལེགས་འགྲུབ་བྱུང་བའི་གསར་འགོད་གསལ་བསྒྲགས་བསྐྱངས་ཤིང་། གསར་འགོད་ལྷན་ཚོགས་དེར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཆུང་ཚེ་རིང་ལགས་དང་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་པ་རྭ་རྒྱ་བློ་དབང་བཅས་ཕེབས་ཡོད།
སྨོན་ལམ་ཚིག་མཛོད་མཉེན་ཆས་འདི་ནི་བློ་བཟང་སྨོན་ལམ་ལགས་ཀྱིས་གཙོ་འགན་བཞེས་པའི་ཐོག་རྭ་རྒྱ་བློ་བཟང་དང་ཐུབ་བསྟན་ཉི་མ་གཉིས་ཀྱིས་རྩོམ་སྒྲིག་གནང་བ་ཞིག་ཡིན་ལ། ཚིག་མཛོད་དེར་མིང་ཚིག་ཉིས་འབུམ་ལྷག་བསྡུ་སྒྲིག་བྱས་ཏེ། བོད་ཡིག་ཚིག་མཛོད་དང་དབྱིན་ཡིག་ཚིག་མཛོད། བོད་དབྱིན་ཚིག་མཛོད། གསར་བྱུང་མང་མཛོད་བཅས་སྡེ་ཚན་བཞིར་དབྱེ་ཡོད། འདི་ནི་ཚིག་མཛོད་ཙམ་དུ་མ་ཟད། བོད་དབྱིན་གཉིས་ཀ་འབྲི་ཀློག་སྦྱོང་གསུམ་གང་བྱེད་ཀྱང་ཚིག་མཛོད་འདིས་རམ་འདེགས་བྱེད་ཐུབ།
ཐེངས་འདིའི་གསར་འགོད་གསལ་བསྒྲགས་སུ། "རང་རེའི་མི་རིགས་ནི་ཤེས་རིག་གི་དར་རྒྱུན་རིང་ཞིང་། རིག་གནས་ཀྱི་ལྷུ་ལག་ཡོངས་སུ་རྫོགས་པའི་མི་རིགས་ཁྱད་ཆོས་ཅན་ཞིག་ཡིན། འདས་པའི་བྱུང་རབས་ཁྲོད་རང་རེའི་རིག་གནས་ཀྱིས་འཛམ་གླིང་དུ་ཤུགས་རྐྱེན་མི་དམན་པ་ཐེབས་མྱོང་ཞིང་། ལོ་ངོ་སྟོང་ཕྲག་རིང་མཁས་གྲུབ་གོང་མ་རྣམས་ཀྱིས་སྐུ་ངལ་དཔག་དཀའ་བས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རང་རེའི་གཙུག་ལག་རིག་པའི་གནས་ནི། དཔལ་ཡོན་ལྡན་པའི་རྒྱལ་ཁབ་དང་མི་རིགས་སུས་ཀྱང་བསྐྲུན་དཀའ་བའི་སྤུས་ཚད་དང་རིན་ཐང་ལྡན་པར་མ་ཟད། རིག་གནས་ཀྱི་སྒོ་མོ་སྣ་ཚོགས་ཆར་ཤུལ་གྱི་མྱུ་གུ་ལྟར་འབུས་པའི་དེང་གི་དུས་འདིར་ཡང་གནའ་རབས་ནས་བརྒྱུད་པའི་བོད་ཀྱི་རིག་གནས་ལ་བེད་སྤྱོད་དང་ཁྱབ་ཚད་ཀྱི་རིན་ཐང་སྔར་མུས་བཞིན་གསལ་ལ། དཔལ་འབྱོར་གྱི་མཐོ་རླབས་དྲག་ཏུ་འཕྱུར་བའི་ཟང་ཟིང་གི་ཀློང་རིམ་འདིར་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་གཞན་དྲིང་མི་འཇོག་པའི་ཞབས་འདེགས་བསྒྲུབ་ངེས་ཡིན།" ཞེས་དང་།
"དེ་ལྟའི་རིག་གནས་ཀྱི་རྩ་བ་དང་རང་རེའི་མི་རིགས་ཀྱི་སྲོག་ཟུངས་ནི་བོད་ཀྱི་སྐད་ཡིག་ལས་མ་འདས་ཤིང་། སྐད་ཡིག་གི་སྤུས་ཚད་མཐོར་འདེགས་དང་བེད་སྤྱོད་ཇེ་ཆེ། ཁྱབ་ཚད་ཇེ་རྒྱས་སུ་གཏོང་རྒྱུ་ནི་བོད་མི་ཚོར་ལོ་རྒྱུས་ཀྱིས་སྩལ་བའི་འགན་འཁྲི་ལྡོག་དཀའ་བ་དེ་ཡིན་པས། གུས་པ་རང་ཉིད་ཀྱང་མི་རིགས་འདིའི་བུ་ཕྲུག་ཅིག་ཏུ་སྐྱེས་པའི་རང་རྟགས་དང་། ད་ལྟའི་བར་ལུས་སེམས་གསོ་སྐྱོང་མཛད་པའི་དྲིན་ཅན་དག་ལ་དྲིན་གཟོ་ཙམ་དུ་དམིགས་ཏེ། སྔ་ཕྱིར་སྨོན་ལམ་བོད་ཡིག་དང་པོ་དང་གཉིས་པ། གསུམ་པ། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་བཅས་བཟོ་བསྐྲུན་འགྲེམས་སྤེལ་ཞུས་ཟིན་པ་དང་། བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པོ་དག་ལ་ཕན་ཐོགས་མི་དམན་པ་བྱུང་བར་མ་ཟད། སྤྱི་ཚོགས་ཐོག་བསྔགས་བརྗོད་དང་རྒྱབ་སྐྱོར་རམ་འདེགས་ཀྱི་དགོངས་ཚུལ་མང་དུ་བསྟན་པར་སྤྲོ་བས་བརྟས་ཡོད།"
"དུས་ཀྱི་འགྱུར་བ་ཧ་ཅང་སྐྱེན་པའི་སྣང་ཚུལ་འོག་རང་རེའི་མི་རབས་གསར་པའི་འཁུར་དགོས་ངེས་ཀྱི་འགན་འཁྲི་མང་པོ་ཞིག་བདག་མེད་དུ་ལུས་ཡོད། སྐད་ཡིག་རིག་གནས་ཀྱི་དར་རྒུད་ཀྱང་བློ་འཚབ་སེམས་ངལ་སྐྱེ་བའི་རང་བཞིན་དུ་གནས་པ་དང་། ལྷག་པར་དུ་དེང་དུས་ལག་རྩལ་གྱི་ཐོན་འབྲས་ཁྲོད་ལྷག་པའི་རང་རེའི་སྐད་ཡིག་གི་སྟོང་ཆ་ནི་བསུབ་དཀའ་བའི་ཚད་དུ་ལྷུང་ཡོད་སྟབས། གུས་པས་རང་ནུས་འདོན་འཇལ་གྱིས་སྟབས་བདེའི་ཚིག་མཛོད་ཅིག་བཟོ་མགོ་བརྩམས་ཤིང་། ལོ་ངོ་ཧྲིལ་པོ་གཅིག་ལྷག་ལ་གཉིད་བཅག་ཟས་བརྗེད་ཀྱི་ངལ་བ་བསྟུད་མར་བརྒྱུད་ད་ལྟ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།" ཅེས་དང་།
མཇུག་ཏུ། ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་ ༢༠༠༠༠༠ དང་ཡིག་འབྲུ་ས་ཡ་དྲུག་ ༦༠༠༠༠༠༠ ལས་བརྒལ་བ་དང་། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་ཆེ་བའི་༼ བོད་རྒྱ་ཚིག་མཛོད་ཆེན་མོ ༽་དང་། ༼ དག་ཡིག་གསར་བསྒྲིགས ༽ རྨང་གཞིར་བཞག་ནས་གྲུབ་ཡོད་ཅིང་། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་༼ དབྱིན་བོད་ཚིག་མཛོད་གསར་མ༽ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་པ་དང་། བོད་དབྱིན་ཚིག་མཛོད་ལ་མ་ཚིག་གི་རྣམས་གྲངས་ ༩༠༠༠༠ ལྷག་ཡོད་པ་དང་། དེ་ཡང་བོད་དབྱིན་ཚིག་མཛོད་སྣ་ཚོགས་ལས་བཏུས་ཏེ་བོད་ཀྱི་རིག་གནས་ཀྱི་གལ་ཆེ་ས་དང་ཁྱབ་ཡངས་ས་ཤ་སྟག་གིས་གྲུབ་ཡོད། བོད་རྒྱ་དབྱིན་གསུམ་གྱི་རྒྱུན་བཀོལ་གསར་བྱུང་མིང་མཛོད་ལ་སྣོན་འཕྲི་གང་ཡང་མེད་པར་རང་སོར་བཞག་ཡོད། ཚིག་མཛོད་འདིར་སྤྱིར་བཏང་གི་ཐ་སྙད་ཕལ་མོ་ཆེར་ཡིག་སྒྱུར་གྱི་ཆ་རྐྱེན་ཡང་འཐུས་ཚང་དུ་ཡོད་སྟབས། བོད་དབྱིན་འབྲི་ཀློག་སྦྱོང་གསུམ་དང་། ཡིག་སྒྱུར་བཅས་ལ་ཕན་ཐོགས་མི་དམན་པ་འབྱུང་ངེས་ཤིང་། རྩོམ་སྒྲིག་ཚན་པ་དང་། ཡུལ་སྐོར་རང་བཞིན་གྱི་རིག་གནས་ལས་རིག་པ་དག་ལ་སྟབས་བདེ་ཞིང་ཆ་རྐྱེན་འཛོམས་པའི་ཞབས་འདེགས་ཆེན་པོ་ཞུ་ཐུབ་ངེས་ཡིན། དེ་སྔ་ཚིག་མཛོད་འདིའི་ཐད་མཁས་པའི་བགྲོ་གླེང་སྐོང་ཚོགས་ཐོག་སྤྱན་འབུལ་གྱིས་བསམ་ཚུལ་བསྡུ་ལེན་དང་། ཤེས་ལྡན་པ་མང་པོ་ཞིག་དང་ལྷན་དུ་གྲོས་བསྡུར་རིམ་པར་བྱས་ཡོད། ཅེས་སོགས་འཁོད་ཡོད།