སྨོན་ལམ་རིག་ནུས་ཀྱི་ལས་གཞི་དངོས་སུ་དབུ་འབྱེད་གནང་བ།

ཕྱི་ལོ་ ༢༠༢༣ ལོའི་ལོ་སར་ཚེས་གཅིག་ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་རིག་ནུས་(Monlam AI)ཞེས་པའི་ལས་འཆར་ཏེ་མིས་བཟོས་རིག་ནུས་(Artificial intelligence) མཉེན་ཆས་གསར་བཟོའི་ལས་གཞི་དབུ་འཛུགས་ཀྱི་སྒོ་འབྱེད་སྟབས་བདེ་ཞིག་གནང་བར། སྤྱི་ནོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། ༸གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག ༸གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག དེ་བཞིན་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་བཅས་ཀྱིས་ཐུགས་སྨོན་སྐྱབས་མཇུག་མཚན་རྟགས་དང་འབྲེལ། ཉིན་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས་དབུ་འབྱེད་སྟབས་བདེ་ཞིག་གནང་།

ལས་གཞི་འདིའི་དགོས་དམིགས་ནི། གློག་ཆས་ཀྱིས་བོད་སྐད་ཉན་ཐུབ་པ་དང་བཤད་ཐུབ་པ། དབུ་ཅན་དང་དབུ་མེད། བྲིས་མ་དཔར་མ་གསར་རྙིང་ངོས་འཛིན་ཐུབ་པ། སྐད་ཡིག་གཞན་ཕན་ཚུན་ཡིག་བསྒྱུར་ཐུབ་པ་བཅས་ཀྱི་ཆེད་དུ་གློག་གི་ཀླད་པ་ཞིག་བཟོ་རྒྱུ་དེ་ཡིན། འདིས་མ་འོངས་པར་བོད་ཀྱི་སྐད་ཡིག་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཕན་ནུས་གལ་ཆེན་ཞིག་འདོན་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད། ལས་གཞི་འདིར་ཚོགས་སྡེ་འགའ་མཉམ་འབྲེལ་གྱིས་ལས་ཞུགས་མི་སྣ་བརྒྱ་ལྷག་གིས་ལོ་ངོ་གསུམ་ལྷག་རིང་འབད་པ་ལྷོད་མེད་བྱ་དགོས་པའི་ལས་གཞི་ཅུང་རྒྱ་ཆེ་བ་ཞིག་ཡིན། ལས་གཞི་འདིར་མཐུན་རྐྱེན་སྦྱོར་མཁན་ནི་ཨ་རིའི་བོད་ཀྱི་ཐེབས་རྩ་ཡིན།

ལས་གཞི་འདི་ནི་བོད་ཀྱི་སྐད་ཡིག་དང་ཆོས་རིག་སྲུང་སྐྱོབ་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་སོང་བོད་ཀྱི་སྐད་ཡིག་དང་ཆོས་རིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཀུན་གྱིས་རྒྱབ་སྐྱོང་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ལ། འདིས་ང་ཚོས་མི་ཡུལ་ནས་འཛམ་གླིང་སྤྱི་དང་ཡང་སྒོས་བོད་དང་ཧི་མ་ལ་ཡའི་ཡུལ་གྲུ་ཁག་ལ་ཕན་བདེའི་བྱ་གཞག་གལ་ཆེན་ཞིག་བསྒྲུབ་ཐུབ་པའི་རེ་བ་དང་སྨོན་འདུན་ཡང་ཞུ་བཞིན་ཡོད།