སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཨ་རིའི་ཡུལ་དུ་ཕེབས་ཏེ།  བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཞི་དང་ཧི་མ་ལ་ཡ་དཔེ་མཛོད་ཁང་གི་མཉམ་འབྲེལ་ལས་གཞི་བརྒྱུད་ས་གནས་སོ་སོའི་མང་ཚོགས་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་དོན་སྤྱི་དང་། ཁྱད་པར་སྨོན་ལམ་མིས་བཟོས་རིག་ནུས་ (AI) སྐོར་ངོ་སྤྲོད་དང་འབྲེལ་ཏེ་གསུང་བཤད་གནང་ཡོད།

བསྟན་འཛིན་ནོར་བཟང་ལགས་ནས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་འབྲེལ་བ་གནང་སྟེ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་དོན་ནི། དེང་རབས་ཀྱི་རྗེས་སྙེག་ཐུབ་པའི་རླབས་ཆེན་གྱི་ལས་དོན་ཞིག་ཡིན་པ་དང་། ལྷག་པར་སྨོན་ལམ་མིས་བཟོས་རིག་ནུས་ (AI) བོད་མི་ཚོར་ངོ་སྤྲོད་དགོས་རྒྱུ་གལ་ཆེར་མཐོང་ནས་དགེ་བཤེས་ལགས་སྐོར་བསྐྱོད་གནང་སའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་སྨོན་ལམ་མིས་བཟོས་རིག་ནུས་ངོ་སྤྲོད་ཀྱི་ལས་རིམ་གྲ་སྒྲིག་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།

དེར་བརྟེན། རྒྱལ་སའི་མངའ་ཁུལ་ (CATA) དང་། ནིའུ་ཡོག་དང་ནིའུ་འཇར་སི། བྱང་ཀ་ལེ་ཕོ་ནི་ཡ། མི་ནི་སོ་ཊ་བཅས་བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་ཁག་བཞི་དང་། ཧི་མ་ལ་ཡའི་དཔེ་མཛོད་ཁང་བཅས་ཀྱིས་གྲ་སྒྲིག་གནང་བ་ལྟར། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གོང་གསལ་ས་གནས་ཁག་གི་མང་ཚོགས་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་དོན་སྤྱི་དང་། ལྷག་པར་ད་ལྟ་ཤུགས་སྣོན་སྐྱོན་བཞིན་པའི་སྨོན་ལམ་མིས་བཟོས་རིག་ནུས་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་བར་ཚང་མས་དོ་སྣང་ཆེན་པོ་བྱས་ཤིང་། དོགས་འདྲི་སྣ་ཚོགས་བྱུང་བར་དགེ་བཤེས་ལགས་ཀྱིས་སྐབས་དུས་སོ་སོར་ལན་འདེབས་གནང་ཡོད།

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ད་དུང་། གཞུང་ཞབས་ཟུར་པ་དང་། རྩོམ་པ་པོ། དམིགས་བསལ་ཡིག་སྒྱུར་ཐད་ལ་དོ་སྣང་ཆེ་བའི་མི་སྣ་ཁག་ཅིག་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་མིས་བཟོས་རིག་ནུས་ལ་སྤྱི་ཚོགས་ཁྱོན་ཡོངས་ནས་ནུས་པ་མཉམ་སྤུངས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། འབྱུང་འགྱུར་དེང་རབས་ཀྱི་རིག་ཚན་གསར་བའི་དེབ་གྲངས་ ༥༠༠ ཙམ་བོད་ཡིག་ཏུ་བསྒྱུར་རྒྱུའི་ལས་གཞི་ཞིག་ཡོད་པ་དེའི་ཐོག་བྱང་ཨ་རིའི་ཁུལ་དུ་བཞུགས་མཁན་ལོ་མང་གཞུང་ཞབས་གནང་མྱོང་བ་དང་། སྤྱི་ཚོགས་ཐོག་ལས་ཀ་བྱས་པའི་ཉམས་མྱོང་ལྡན་པའི་བོད་མི་ཤེས་ཡོན་ཅན་ཚོས་ཕྱག་རོགས་གནང་ཐུབ་པའི་རེ་སྐུལ་ཡང་ཞུས་ཡོད།

ཧི་མ་ལ་ཡ་དཔེ་མཛོད་ཁང་གི་འགན་འཛིན་དང་རྒྱུན་ལས་ཀྱིས་དགེ་བཤེས་སྨོན་ལམ་ལགས་དང་ཟུར་དུ་མཇལ་ཏེ། འབྱུང་འགྱུར་ཧི་མ་ལ་ཡ་དཔེ་མཛོད་ཁང་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དབར་མཉམ་ལས་བྱེད་ཕྱོགས་སྐོར་ཡང་གོ་བསྡུར་གནང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས། དོན་གཅོད་ལས་ཁུངས་ནས་རེ་སྐུལ་ཞུས་པ་བཞིན་སྤྱི་མཐུན་ཚོགས་པ་ཁག་དང་། ཧི་མ་ལ་ཡ་དཔེ་མཛོད་ཁང་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་མིས་བཟོས་རིག་ནུས་ངོ་སྤྲོད་ལས་གཞིར་ཕྱར་གྲུ་མཉམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད། ཅེས་གསུངས་ཤིང་།

ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་ཧི་མ་ལ་ཡའི་དཔེ་མཛོད་ཁང་གི་འགན་འཛིན་བླ་མ་ཚེ་དབང་ལགས་ནས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དོན་སྙིང་ལྡན་པའི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པར་བསྔགས་བརྗོད་གཟེངས་བསྟོད་ཀྱང་གནང་ཡོད།