བཀྲ་ཤིས་ལྷུན་པོའི་རྩོམ་སྒྲིག་ཁང་དང་འབྲེལ་བའི་སྐོར།

ཕྱི་ལོ་ ༢༠༡༩ ལོའི་ཟླ ༣ ཚེས་ ༢༤ཉིན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོའི་དགོན་པ་རུ་ཆེད་ཕེབས་ཀྱིས། བཀྲ་ཤིས་ལྷུན་པོའི་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཚིག་མཛོད་རྩོམ་སྒྲིག་པ་རྣམས་ཀྱིས་ལས་དོན་བྱེད་ཕྱོགས་རྒྱུས་ལོན་དང་འབྲེལ། རྩོམ་སྒྲིག་བྱེད་ཕྱོགས་ཀྱི་དཀའ་གནད་ཐད་ལམ་སྟོན་བྱས་ཤིང་། མ་འོངས་པའི་ལས་འཆར་གྱི་སྐོར་ལ་གྲོས་བསྡུར་ལྷུག་པོར་བྱས།

ཚེས་ ༢༥ ཉིན་གྱི་ཞོགས་པར་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་དུ་སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཀྱིས་ལས་སྣེ་རྣམ་པ་དང་། ཚོགས་སྡེ་ཁག་གི་ལས་བྱེད་རྣམ་པ་བཅས་མི་སྣ་ ༣༥ ཡས་མས་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་གལ་ཆེའི་རང་བཞིན་ངོ་སྤྲོད་ཞུས་པ་དང་། མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐད་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས། གཞན་ཡང་མཁན་རིན་པོ་ཆེ་མཆོག་གིས་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་འདིར་རྒྱབ་སྐྱོར་དང། མ་འོངས་པའི་ལས་འཆར་ལ་རོགས་རམ་གང་ལེགས་གནང་རྒྱུའི་བཀའ་སློབ་ལམ་སྟོན་གནང་།

ཚེས་ ༢༥ ཉིན་གྱི་ཕྱི་དྲོར་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་དུ་བཀྲ་ཤིས་ལྷུན་པོའི་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་གིས་གོ་སྒྲིག་བྱས་ཏེ། རིགས་འབྲིང་ཡན་གྱི་དགེ་འདུན་པ་ ༡༨༧ ཡས་མས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་དང་བེད་སྤྱོད་གཏོང་ཕྱོགས་ངོ་སྤྲོད་བྱས། གྲྭ་ཚང་རིན་པོ་ཆེ་ནས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ལོ་ངོ་མང་པོའི་རིང་ལ་དཀའ་བ་ཁྱད་དུ་བསད་ནས་བོད་སྐད་ཡིག་གི་ཕྱོགས་ལ་བྱས་རྗེས་བཞག་པར་བསྔགས་བརྗོད་དང་འབྲེལ། རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་ཐང་ཞིག་ཆེད་དུ་ཆེ་བསྟོད་གསོལ་རས་སུ་གནང་། དེ་མིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དཀྱིལ་ཁང་རིན་པོ་ཆེ་དང་ལྷན་དུ་དཔེ་མཛོད་རིག་པ་དང་འབྲེལ་བའི་བཀའ་མོལ་རིམ་པར་ཞུས་ཏེ་གནས་དེའི་ལས་དོན་ལེགས་པར་གྲུབ།

རྙིང་མའི་རྩོམ་སྒྲིག་ཁང་དང་འབྲེལ་བའི་སྐོར།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ཚེས་ ༢༧ ཉིན་གྱི་སྔ་དྲོར། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་གི་གོ་སྒྲིག་འོག་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་དང་འབྲེལ་བའི་ཚོགས་འདུ་ཞིག་ཚོགས་ཤིང་། ཚོགས་ཐོག་ཏུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་གླིང་གི་ཚོགས་གཙོ་མཁན་པོ་ཚེ་དབང་མཆོག་གཙོས་རྒྱུན་ལས་རྣམ་པ་དང་། རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་པ་རྣམ་པ་མཉམ་ཞུགས་བྱས་ཤིང་། རྒྱལ་ཡོངས་སྔ་འགྱུར་རྙིང་མའི་རྩོམ་སྒྲིག་ཁང་གི་འགན་འཛིན་མཁན་པོ་ཨོ་རྒྱན་བྱམས་པ་མཆོག་གིས་ཐེངས་འདིའི་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་གསུང་བཤད་གནང་ཞིང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞིའི་དགོས་དམིགས། བརྒྱུད་རིམ། ཁྱབ་ཚད། མ་འོངས་པའི་ལས་འཆར་བཅས་ངོ་སྤྲོད་ཞུས་པར་མ་ཟད། ཚིག་མཛོད་དང་འབྲེལ་བའི་རྩོམ་སྒྲིག་བྱེད་ཕྱོགས་ཐད་ནས་དྲི་བ་དྲིས་ལན་བྱས།

གཞན་ཡང་ཚོགས་གཙོ་མཁན་པོ་ཚེ་དབང་མཆོག་གིས་ལམ་སྟོན་བཀའ་སློབ་དང་འབྲེལ་བའི་གལ་ཆེའི་རང་བཞིན་གྱི་སློབ་སྟོན་རྒྱ་ཆེར་གནང་། ཚེས་ ༢༧ ཉིན་རྒྱབ་ཚིག་མཛོད་རྩོམ་སྒྲིག་པ་རྣམས་མཉམ་འཛོམས་ཀྱིས་ཚིག་མཛོད་རྩོམ་སྒྲིག་བྱེད་ཐབས་སོགས་ཀྱི་སྐོར་ནས་གྲོས་བསྡུར་རིམ་པར་བྱས་ཤིང་། དགོང་མོར་རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་གིས་གོ་སྒྲིག་བྱས་ཏེ་བཤད་གྲྭའི་དགེ་འདུན་པ་དང་བཙུན་མ་རྣམས་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད་དང་བེད་སྤྱོད་གཏོང་ཕྱོགས། དེ་མིན་བརྡ་འཕྲིན་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་གི་སྐོར་ལ་དྲི་བ་དྲིས་ལན་སོགས་བྱས།

གཞན་ཡང་ཕྱི་ཟླ་ ༤ ཚེས་ ༡ ཉིན། སྔ་འགྱུར་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་པ་རྣམ་པ་སྔ་འགྱུར་བསྟན་པའི་གསལ་བྱེད་བཤེས་གཉེན་ཆེན་པོ་མཁན་ཆེན་པདྨ་ཤེས་རབ་མཆོག་གི་སྐུ་མདུན་དུ་ལྷན་བཅར་གྱིས་ཚིག་མཛོད་སྐོར་གྱི་ལས་བསྡོམས་དང་། མ་འོངས་པའི་ལས་འཆར་བཅས་སྙན་སྒྲོན་ཞུས་ཤིང་། མཁན་པོ་མཆོག་གིས་སྔ་འགྱུར་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་གི་ལས་ཀའི་བརྒྱུད་རིམ་དང་རྩོམ་སྒྲིག་པའི་གནས་སྟངས་ངོ་སྤྲོད་གནང་ཞིང་། སྨོན་ལམ་ཚིག་མཛོད་ཀྱི་ལས་གཞི་འདི་སྔ་འགྱུར་རྙིང་མ་ཙམ་མ་ཟད། སངས་རྒྱས་བསྟན་པའི་ཞབས་འདེགས་རླབས་ཆེན་ཡིན་པ་དང་། སྔ་འགྱུར་རྙིང་མར་མཚོན་ན་ལོ་དགུའི་རིང་ལ་བརྒྱ་ཆ་ཉི་ཤུ་ལས་རྫོགས་ཐུབ་ཀྱི་ཡོད་མ་རེད། དེར་བརྟེན། ལོ་དགུའི་ལས་གཞི་ཚར་ན་ཡང་མུ་མཐུད་ནས་རིགས་གཅིག་ལ་ཞིབ་འཇུག་བྱས་ནས་མི་ཚེ་གང་བོར་འགྲོ་ཐུབ་ན་ཡག་པོ་ཡིན་པའི་བཀའ་སློབ་ཕེབས་པ་དང་། སྨོན་ལམ་ཚིག་མཛོད་ཀྱི་ལས་གཞི་འདི་མུ་མཐུད་ནས་རྒྱུན་འཁྱོངས་དགོས་པ་དང་། ལས་གཞི་འདིར་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་ཡོད་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་། སྤྱིར་མཁན་ཆེན་མཆོག་ནི་རྙིང་མའི་ཆོས་བརྒྱུད་དང་འབྲེལ་བའི་ཚིག་མཛོད་རྩོམ་སྒྲིག་གི་སློབ་སྟོན་པ་ཡིན་པར་མ་ཟད། ཕྱོགས་ཡོངས་ནས་ཐུགས་འགན་རྒྱ་ཆེར་བཞེས་གནང་ཡོད། སྔ་འགྱུར་རྙིང་མའི་རྩོམ་སྒྲིག་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་རྩོམ་སྒྲིག་སྡེ་ཚན་མང་པོ་ལས་རྩེ་ཕུད་དུ་གྱུར་ཡོད་པ་ནི་མཁན་ཆེན་མཆོག་དང་བཀའ་ཟུར་ཚེ་རིང་ཕུན་ཚོགས་རྣམ་གཉིས་ཀྱི་ལམ་སྟོན་ལས་བྱུང་བའི་བཀའ་དྲིན་ཉག་ཅིག་ཡིན།

སེར་སྨད་རྩོམ་སྒྲིག་ཁང་དང་འབྲེལ་བའི་སྐོར།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ཚེས་ ༣༠ དང་ཟླ་ ༤ ཚེས་ ༡ ཉིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སེར་སྨད་གྲྭ་ཚང་དུ་ཕེབས་ཤིང་། སེར་སྨད་གྲྭ་ཚང་དང་སེར་སྨད་རྩོམ་སྒྲིག་ཁང་གཉིས་ཀྱི་གོ་སྒྲིག་འོག་སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་ཚོགས་འདུ་རྒྱས་པ་ཞིག་ཚོགས། ཚོགས་ཐོག་ཏུ་མཁན་རིན་པོ་ཆེ་མཆོག་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་འདི་མ་འོངས་པར་སྔར་གྱི་བཀའ་དྲིན་ཅན་གྱི་ལོ་ཙཱ་བ་ལྟར་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཆེན་པོ་ཡོད་པར་མ་ཟད། ལས་གཞི་འདི་དགོས་མཁོ་ཆེ་ཞིང་གལ་ཆེན་རང་བཞིན་ཡིན་པའི་བཀའ་སློབ་དང་། དགེ་འདུན་པ་སྤྱི་འདུས་ནས་ལས་དོན་འགན་འཁུར་བཞེས་དགོས་པའི་གསལ་འདེབས་གནང་། དེ་རྗེས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་དང་མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐད་ནས་ངོ་སྤྲོད་བྱས་པར་མ་ཟད། སེར་སྨད་ཚིག་མཛོད་རྩོམ་སྒྲིག་སྡེ་ཚན་ཚགས་ཚུད་ཡོང་སླད་འབད་བརྩོན་བྱ་དགོས་པའི་གླེང་མོལ་བྱས་ཤིང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་བྱས། དེ་བཞིན་སེར་སྨད་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཕེབས་ཏེ། ཚིག་མཛོད་རྩོམ་སྒྲིག་གི་ལས་དོན་ཐད་ཀྱི་གླེང་མོལ་དང་། ཚིག་མཛོད་རྩོམ་སྒྲིག་མཉེན་ཆས་གསར་པའི་ཐོག་རྩོམ་སྒྲིག་བྱེད་ཐབས་ཀྱི་ལམ་སྟོན་གང་ལེགས་བྱས། གཞན་ཡང་ཕར་ཕྱིན་ལོ་རིམ་ལྔ་པ་ཡན་གྱི་སློབ་གཉེར་བ་ཡོངས་དང་། དཔེ་འཁྲིད་དགེ་རྒན་དང་དགེ་བཤེས་རྣམས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་བེད་སྤྱོད་གནང་སྟངས་དང་། སྨོན་ལམ་ཚིག་མཛོད་ཆེན་མོ་བེད་སྤྱོད་བྱེད་པའི་ཁེ་ཕན་སོགས་ངོ་སྤྲོད་བྱས་ཤིང་། སློབ་གཉེར་བའི་དྲི་བ་ཁག་ལ་ལན་འདེབས་བྱས། མཐའ་མར་སེར་སྨད་གྲྭ་ཚང་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་སྩལ་བ་བཅས་ཀྱིས་ལས་རིམ་ཁག་ལེགས་པར་གྲུབ།

སེར་བྱེས་རྩོམ་སྒྲིག་ཁང་དང་འབྲེལ་བའི་སྐོར།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༣ ཉིན་གྱི་སྔ་དྲོ་དུས་ཚོད་ ༩ ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆེད་ཕེབས་ཀྱིས། སེར་བྱེས་སློབ་གཉེར་སྡེ་ཚན་དང་སེར་བྱེས་རྩོམ་སྒྲིག་ཁང་གཉིས་ཀྱི་གོ་སྒྲིག་འོག་སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་ཚོགས་འདུ་རྒྱས་པ་ཞིག་ཚོགས། ཚོགས་ཐོག་ཏུ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད་དང་འབྲེལ་བའི་བེད་སྤྱོད་ཀྱི་དགེ་ཕན་དང་། བཀོལ་སྤྱོད་ཀྱི་ཁྱབ་ཚད། གྲྭ་ཚང་རང་ནས་མ་འོངས་པའི་བྱེད་ཕྱོགས་སྐོར་ལ་རེ་འདུན་དང་སློབ་སྟོན་གནང་ཞིང་། དེ་ནས་ཁྲིམས་བདག་དགེ་བསྐོས་ལགས་ཀྱིས་ལེགས་གསོའི་བསྔགས་བརྗོད་དང་། ཕྱག་མཛོད་ལགས་ཀྱིས་མཇལ་དར་ཕུལ། མཐའ་མར་དྲི་བ་དྲིས་ལན་དང་འབྲེལ་ནས་མི་མང་པོ་ཞིག་གིས་ཐུགས་རྗེ་ཆེ་ཞུས།

ཟླ་ ༤ ཚེས་ ༣ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སེར་བྱེས་དཔེ་འཛིན་འགན་འཛིན་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་ཚེ་འཕེལ་ལགས་ཀྱིས་རེ་སྐུལ་ཞུས་པ་ལྟར་སེར་བྱེས་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་འབྲེལ། དཔེ་མཛོད་འགན་འཛིན་དགེ་བཤེས་ལགས་ཀྱིས་གཙོས་དཔེ་མཛོད་ལས་བྱེད་ཡོངས་ལ་བོད་ཀྱི་དཔེ་མཛོད་རིག་པ་དང་འབྲེལ་ནས་སྨོན་ལམ་བོད་ཀྱི་དཔེ་མཛོད་རིག་པའི་སྐོར་བརྙན་ཐོག་ནས་འགྲེལ་བཤད་གནང་།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༤ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ ཐོག་སེར་བྱེས་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཕེབས་ནས་རྩོམ་སྒྲིག་པ་རྣམ་གསུམ་ལ་ཚིག་མཛོད་རྩོམ་སྒྲིག་གི་མཉེན་ཆས་གསར་པ་ངོ་སྤྲོད་དང་བཀོལ་སྤྱོད་བྱེད་ཐབས་སྐོར་ལ་ལག་ལེན་དངོས་ཀྱི་ཐོག་ནས་སློབ་སྟོན་གང་ལེགས་གནང་། ཕྱི་ཚེས་ ༤ ཉིན་གྱི་དགོང་མོ་ཆུ་ཚོད་ ༧ ཐོག་སེར་བྱེས་ཆོས་གྲྭའི་ནང་དགེ་བསྐོས་ལགས་དང་། དབུ་མཛོད་ཆེན་མོ་ལགས། ཕྱག་མཛོད་ཆེན་མོ་ལགས། རྩོམ་སྒྲིག་པ་རྣམ་པ་གསུམ་གཙོས་སློབ་གཉེར་བ་ཡོངས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་བེད་སྤྱོད་གཏོང་སྟངས་དང་འབྲེལ་ནས་བཀའ་སློབ་ལམ་སྟོན་བརྙན་ཐོག་ནས་གནང་ཞིང་། སྨོན་ལམ་ཚིག་མཛོད་དང་འབྲེལ་བའི་དྲི་བ་དྲིས་ལན་བྱས། གྲྭ་མང་གིས་སྨོན་ལམ་ཚིག་མཛོད་ཀྱི་ལས་གཞིར་བསྟོད་བསྔགས་དང་ཚིག་མཛོད་ཀྱི་ལས་གཞི་ལེགས་གྲུབ་ཡོང་བའི་སྨོན་འདུན་ཡང་ཡང་ཞུས། མཐའ་མར་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཐུགས་རྗེ་ལེགས་འབུལ་དང་མཇལ་དར། ཞལ་ཐང་བཅས་ཀྱི་བསྔགས་བརྗོད་གསོལ་རས་སྩལ་ཏེ། སྐབས་འདིའི་མཛད་རིམ་ལེགས་གྲུབ་དང་རྒྱལ་ཁའི་ངང་ནས་མཇུག་ཡོངས་སུ་གྲུབ་བོ།།