ཕྱི་ལོ་ 2025 ཟླ་བ་བཅུ་གཅིག་པ ཚེས་ 4
༢༠༢༥ ལོའི་སྨོན་ལམ་མངོན་གྱུར་གྱི་མཛད་སྒོ་ལེགས་པར་གྲུབ་པ།
ལོ་འདིའི་སྨོན་ལམ་མངོན་གྱུར་གྱི་གྲུབ་འབྲས་གཙོ་བོ་ཁག་ནི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་བཞི་པའི་མཉེན་ཆས་དང་། སྨོན་ལམ་བོད་ཡིག་གསུམ་པ་ལེགས་བཅོས་དང་འབྲེལ་བའི་སྨོན་ལམ་བོད་ཡིག་བཞི་པ། སྨོན་ལམ་རིག་ནུས་ཀྱི་སྤུས་ཚད་གོང་སྤེལ་དང་དྲ་ཚིགས་གསར་བསྒྱུར། བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་བརྡ་སྤྲོད་སོགས་ལ་ལན་འདེབས་ཚུལ་བཞིན་བྱེད་ཐུབ་པའི་སྨོན་ལམ་མེ་ལོང་བཅས་ཡིན།
༢༠༢༥ ལོའི་སྨོན་ལམ་མངོན་གྱུར་གྱི་མཛད་སྒོ་ལེགས་པར་གྲུབ་པ།
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༠༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འདི་ལོའི་སྨོན་ལམ་མངོན་གྱུར་གྱི་མཛད་སྒོ་དངོས་སུ་ཚོགས་ཤིང་། མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཙོས་པའི་སྤྱི་སྒེར་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ། བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པས་དབུས་པའི་གཞུང་ཞབས་དང་ཕྱི་རྒྱལ་གྱི་སྐུ་མགྲོན། གཞན་དོན་གཉེར་ཅན་གྱི་མི་མང་བཅས་ཚོགས་ཞུགས་པ་བཞི་བརྒྱ་བརྒལ་བ་མཉམ་ཞུགས་གནང་ཡོད།
མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་ ༢༠༢༥ ནས་ ༢༠༣༥ བར་གྱི་ལོ་བཅུའི་རིང་ལ་སྨོན་ལམ་རིག་ནུས་ཀྱི་ནུས་པ་ལ་བརྟེན་ནས་གཙོ་བོར་བོད་ཀྱི་ཆོས་དང་རིག་གཞུང་། དེང་རབས་ཀྱི་རིག་གནས་བཅས་འཛམ་བུ་གླིང་གི་འཕྲུལ་ལས་ཀྱི་བརྒྱུད་རིམ་ནང་རྗེས་ཟིན་ཐུབ་པ་ཞིག་བྱ་རྒྱུ་དེ་ཡིན་སྐོར་གསལ་སྟོན་གནང་ཞིང་། མ་འོངས་པའི་ཤེས་ཡོན་ནི་རིགས་གཅིག་རྐང་འཛིན་གྱི་ལམ་བུར་མུ་མཐུད་བསྐྱོད་རྒྱུ་དེ་མིན་པ་འགྲེལ་བརྗོད་དང་། སྤྱིར་དེ་སྔོན་ཡིན་ན་རིགས་གཅིག་རྐང་འཛིན་དེ་གལ་ཆེན་པོ་དང་རྩ་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད་ཀྱང་། ད་ལྟའི་མིས་བཟོས་རིག་ནུས་ཀྱི་ནུས་པ་ལ་བརྟེན་ནས་གཙུག་ལག་རབ་འབྱམས་པ་དང་། འབུམ་རམས་པ་ཞེས་པའི་ལམ་ལུགས་དེ་དག་ཆ་ཚང་ག་ལེར་དགོས་མཁོ་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པར་བརྟེན། ང་ཚོས་མ་འོངས་པའི་ལམ་བུ་དེར་ད་ལྟ་ནས་ལམ་ཁ་གསར་པ་ཞིག་འཚོལ་དགོས་གལ་ཆེ་བའི་སྐོར་སོགས་གསུངས་ཡོད།
ལོ་འདིའི་སྨོན་ལམ་མངོན་གྱུར་གྱི་གྲུབ་འབྲས་གཙོ་བོ་ཁག་ནི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་བཞི་པའི་མཉེན་ཆས་དང་། སྨོན་ལམ་བོད་ཡིག་གསུམ་པ་ལེགས་བཅོས་དང་འབྲེལ་བའི་སྨོན་ལམ་བོད་ཡིག་བཞི་པ། སྨོན་ལམ་རིག་ནུས་ཀྱི་སྤུས་ཚད་གོང་སྤེལ་དང་དྲ་ཚིགས་གསར་བསྒྱུར། བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་བརྡ་སྤྲོད་སོགས་ལ་ལན་འདེབས་ཚུལ་བཞིན་བྱེད་ཐུབ་པའི་སྨོན་ལམ་མེ་ལོང་བཅས་ཡིན།
འདི་དག་ལས་སྨོན་ལམ་མེ་ལོང་ནི་ད་སྔར་བརྡ་མཛོད་ཆེན་མོའི་མིས་བཟོས་རིག་ནུས་ཁྲོད་བོད་ཀྱི་རིག་གནས་དང་འབྲེལ་བའི་ཚད་རིམ་ཆེས་མཐོ་ཤོས་སུ་གྱུར་ཡོད་ལ། དེ་ནི་ང་ཚོས་ཚོད་ཚོད་དུ་འུད་བརྗོད་བྱས་པ་མིན་པར་ད་ལྟའི་འཛམ་གླིང་གི་སྙན་གྲགས་ཅན་གྱི་མིས་བཟོས་རིག་ནུས་ Gemini དང་། claude, DeepSeek སོགས་དང་མཚུངས་བསྡུར་ཚད་འཇལ་བྱས་པའི་གྲུབ་འབྲས་ལས་ཤེས་རྟོགས་བྱུང་བ་ཡིན།
འདིའི་སྐོར་ལ་ང་ཚོའི་རིག་ནུས་སློབ་སྟོན་པ་བསྟན་འཛིན་དགེ་བྱེད་ལགས་ཀྱིས། འདས་པའི་ལོ་ངོ་གཅིག་གི་ནང་སྨོན་ལམ་མེ་ལོང་ལ་འགྱུར་བ་དང་ཡར་རྒྱས་མང་པོ་བཏང་ཡོད་པ་གསལ་སྟོན་གནང་ཞིང་། ད་ལོའི་སྨོན་ལམ་མེ་ལོང་འདི་ནི་དམིགས་བསལ་ལོ་རྒྱུས་དང་རྩོམ་རིག བརྡ་སྤྲོད་བཅས་ལ་མཁས་པ་ཆགས་ཡོད་པ་དང་། ད་ལོར་སྨོན་ལམ་མེ་ལོང་གི་རྒྱུ་ཆར་བོད་ཡིག་དང་འབྲེལ་བའི་ཚིག་གི་ཆ་ཤས་ཐེར་འབུམ་ཉེར་བཞི་མཁོ་སྒྲུབ་བྱས་ཡོད་པས། སྔོན་མ་ལས་བརྒྱ་ཆ་ ༣༠ ཆེ་རུ་སོང་ཡོད། དེ་མིན་སྨོན་ལམ་མེ་ལོང་ནང་ཚེག་བར་ ༡༣༠,༠༠༠ འཇུག་ཐུབ་ཀྱི་ཡོད་པ་དང་། སྐད་ཡིག་ ༡༤༠ ནང་ཡིག་བསྒྱུར་དང་། པར་རིས་དང་ཡི་གེ་བཅུག་སྟེ་བེད་སྤྱོད་བྱེད་ཐུབ་པ། གཞན་ཡང་སྨོན་ལམ་མེ་ལོང་དབྱེ་ཞིབ་ཅེས་པ་ཞིག་གསར་དུ་བཟོས་ཡོད་པར། དྲི་བ་ཁག་ལ་ལན་ཁ་གསལ་དང་རྒྱས་པོ། སྤུས་དག་པོ་བཅས་རྒྱག་ཐུབ་ཀྱི་ཡོད་ཚུལ་དང་། སྨོན་ལམ་མེ་ལོང་ནི་ད་ལྟ་ཡོད་པའི་བརྡ་མཛོད་ཆེན་མོ་ཚང་མའི་ནང་ནས་བོད་ཡིག་ལ་མཁས་ཤོས་དེ་ཆགས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད།