ཕྱི་ལོ་ 2024 ཟླ་བ་བཅུ་གཅིག་པ ཚེས་ 4
༢༠༢༤ ལོའི་སྨོན་ལམ་མངོན་གྱུར་གྱི་དུས་སྟོན་མཛད་སྒོ་ལེགས་པར་གྲུབ་པ།
སྨོན་ལམ་མངོན་གྱུར་གྱི་དུས་སྟོན་མཛད་སྒོ་འདིའི་སྟེང་སྨོན་ལམ་ཡིག་སྒྱུར་མཉེན་ཆས་དང་། སྨོན་ལམ་བརྡ་མཛོད་ཆེན་མོ། སྨོན་ལམ་མཐེབ་གཞོང་། སྨོན་ལམ་དྲ་རྒྱའི་ཟུར་སྣོན། སྨོན་ལམ་མཉམ་རུབ་བཅས་མཉེན་ཆས་ཁག་ལྔ་འགྲེམས་སྤེལ་བྱས།
༢༠༢༤ ལོའི་སྨོན་ལམ་མངོན་གྱུར་གྱི་དུས་སྟོན་མཛད་སྒོ།
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༠༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་དྷ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་ཞུས་པའི་ ༢༠༢༤ ལོའི་སྨོན་ལམ་མངོན་གྱུར་གྱི་དུས་སྟོན་མཛད་སྒོ་དབུ་འཛུགས་གནང་།
འདི་ལོའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཙོས་པའི་སྲི་ཞུའི་ལས་བྱེད་རྣམས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ། གཞན་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་ཁུར་ཅན་གྱི་ཕྱི་ནང་གི་སྐུ་མགྲོན་བཅས་མི་གྲངས་བཞི་བརྒྱ་ཙམ་མཉམ་ཞུགས་གནང་ཡོད།
ཐོག་མར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་ཞིང་། དེའི་རྗེས་སུ་སྨོན་ལམ་རིག་ནུས་ཀྱི་ན་གཞོན་མཉེན་ཆས་ཆེད་ལས་པ་རྣམས་ཀྱིས་འདི་ལོའི་མངོན་གྱུར་རིམ་པ་ལྔ་པོ་སོ་སོར་ངོ་སྤྲོད་གནང་།
སྨོན་ལམ་མངོན་གྱུར་གྱི་འདུ་འཛོམས་ལས་རིམ་འདིའི་སྟེང་སྨོན་ལམ་ཡིག་སྒྱུར་མཉེན་ཆས་དང་། སྨོན་ལམ་མེ་ལོང་ཞེས་པའི་བརྡ་མཛོད་ཆེན་མོ། སྨོན་ལམ་མཐེབ་གཞོང་། སྨོན་ལམ་དྲ་རྒྱའི་ཟུར་སྣོན། སྨོན་ལམ་མཉམ་རུབ་བཅས་མཉེན་ཆས་ཁག་ལྔ་ངོ་སྤྲོད་དང་འགྲེམས་སྤེལ་བྱས་ཡོད།