སྨོན་ལམ་མེ་ལོང་གསར་ཤོས་དེ་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ།

ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༣ ཞོགས་པར་ཨ་རི་ནས་ང་ཚོའི་སྨོན་ལམ་མངོན་གྱུར་སྐབས་གསུམ་པའི་མཛད་སྒོའི་སྐུ་མགྲོན་དུ་ཆེད་ཕེབས་གནང་བའི་གལ་ཆེའི་འབྲེལ་ཡོད་མི་སྣ་ཉི་ཤུ་དང་ལྷན་དུ་འདི་གའི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་དང་འབྲེལ་མགོན་པོ་གང་ཉིད་ལ་སྨོན་ལམ་རིག་ནུས་ཀྱི་མེ་ལོང་ཐོན་གསར་ཤོས་དེ་སྤྱན་འབུལ་སྙན་གསན་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བླ་མེད་བྱུང་ཞིང་། སྐབས་དེར་༸གོང་ས་མཆོག་གི་ཞལ་སྔ་ནས་ཐུགས་དགྱེས་ཚོར་ཆེན་པོས་ལས་གཞི་ལ་བསྔགས་བརྗོད་བླ་མེད་གནང་།

སྨོན་ལམ་མེ་ལོང་ནི་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་བརྡ་སྤྲོད་སོགས་ལ་ལན་འདེབས་ཚུལ་བཞིན་བྱེད་ཐུབ་པའི་བརྡ་མཛོད་ཆེན་མོའི་(LLM)རིག་ནུས་ཤིག་ཡིན་ལ། འདི་ནི་ད་སྔར་མིས་བཟོས་རིག་ནུས་ཁྲོད་བོད་ཀྱི་རིག་གནས་དང་འབྲེལ་བའི་ཚད་རིམ་ཆེས་མཐོ་ཤོས་སུ་གྱུར་ཡོད། དེ་ནི་ང་ཚོས་ཚོད་ཚོད་དུ་འུད་བརྗོད་བྱས་པ་ཞིག་མིན་པར་ད་ལྟའི་འཛམ་གླིང་གི་སྙན་གྲགས་ཅན་གྱི་མིས་བཟོས་རིག་ནུས་ Gemini དང་། claude, DeepSeek སོགས་དང་མཚུངས་བསྡུར་ཚད་འཇལ་བྱས་པའི་གྲུབ་འབྲས་ལས་ཤེས་རྟོགས་བྱུང་བ་ཡིན།