ལ་དྭགས་གཞུང་དམངས་གཉིས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ལེགས་སྐྱེས་སུ་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་པ།
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལ་དྭགས་གཞུང་དམངས་གཉིས་ལ་པོད་ ༢༢༣ བདག་ཉིད་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་ཚར་གཅིག་ལེགས་སྐྱེས་སུ་ཕུལ།
༢༠༢༢ ལོའི་ཕྱི་ཟླ་ ༠༨ ཚེས་ ༢༦ ཉིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལ་དྭགས་གཞུང་དམངས་གཉིས་ལ་པོད་ ༢༢༣ བདག་ཉིད་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་ཚར་གཅིག་ལེགས་སྐྱེས་སུ་ཕུལ་ཡོད།
དེ་ཡང་ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་འཕགས་པ་ཀླུ་སྒྲུབ་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་ནང་པའི་ཚོགས་ཆེན་ཐེངས་ ༢༦ པའི་ཚོགས་འདུའི་དབུ་འབྱེད་དང་འབྲེལ་ཏེ། ལ་དྭགས་དབུས་གཞུང་མངའ་སྡེའི་སྡེ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་ལགས་ཀྱིས་གཙོས་པའི་ལ་དྭགས་ཀྱི་གནད་ཡོད་མི་སྣ་ཁག་དང་། མཁས་དབང་ས་ཕུད་ཐུབ་བསྟན་དཔལ་ལྡན་ལགས་ཀྱིས་གཙོས་པའི་ལ་དྭགས་ཀྱི་མཁས་དབང་རྣམ་པ། རྒྱ་གར་རྒྱལ་ཡོངས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་ནས་ཕེབས་པའི་སློབ་དཔོན་ཆེན་མོ་དང་ཞིབ་འཇུག་པ། དེ་བཞིན་ཀོ་རི་ཡ་དང་ཝེ་ཏི་ནམ་སོགས་ཕྱིའི་རྒྱལ་ཁབ་མི་འདྲ་བ་དུ་མ་ནས་ཕེབས་པའི་ནང་ཆོས་ཞིབ་འཇུག་པ་སོགས་ཚོགས་ཞུགས་མི་སྣ་སུམ་བརྒྱ་ལྷག་མཉམ་འཛོམས་སར་ལ་དྭགས་གཞུང་དམངས་གཉིས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་དངོས་སུ་ཚོགས།
མཛད་སྒོ་དེར་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཆེད་ཕེབས་གནང་སྟེ། སྨོན་ལམ་ཚིག་མཛོད་ཆེན་མོའི་བྱུང་རིམ་དང་འབྲེལ་བའི་གསུང་བཤད་གནང་ཞིང་། སྐབས་དེར་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་ནས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད།