ཕྱི་ལོ་ 2023 ཟླ་བ་གཉིས་པ ཚེས་ 16
སྨོན་ལམ་རྨང་གཞིའི་ཚིག་མཛོད་ཀྱི་མཉེན་ཆས་འགྲེམས་སྤེལ་གནང་བ།
ཚིག་མཛོད་འདི་ནི་བོད་ཀྱི་གནམ་ལོ་གསར་ཚེས་དང་བསྟུན་ནས་དངོས་སུ་འགྲེམས་སྤེལ་བྱེད་ངེས་ཡིན་ལ། འདི་ནི་iOS དང་། android མ་ལག་གཉིས་ཀར་བཀོལ་སྤྱོད་བྱེད་ཐུབ།
སྨོན་ལམ་རྨང་གཞིའི་ཚིག་མཛོད་ཀྱི་མཉེན་ཆས་འགྲེམས་སྤེལ་བྱས་པ།
ཕྱི་ལོ་ ༢༠༢༣ ཟླ་ ༠༢ ཚེས་ ༡༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་གསུམ་པའི་ཐོག་དྷ་ས་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལོ་གསར་བའི་ལེགས་སྐྱེས་སུ་དམིགས་ཏེ་སྨོན་ལམ་རྨང་གཞིའི་ཚིག་མཛོད་དང་། སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ཀྱི་དྲ་རྒྱའི་མཉེན་ཆས་(Monlam Text Analyzer)ཤིག་འགྲེམས་སྤེལ་བྱེད་པའི་གསར་འགོད་གསལ་བསྒྲགས་གནང་ཡོད།
སྐབས་དེར། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ཚིག་མཛོད་འདི་ནི་བོད་ཡིག་གསར་དུ་སློབ་མཁན་གྱི་ཕྲུ་གུ་ལོ་ཆུང་ཚོར་ཆེད་དུ་དམིགས་ནས་བསྒྲིགས་པ་ཞིག་དང་། ཚིག་མཛོད་དེས་བོད་ཕྲུག་བྱིས་པ་གཙོས་བོད་ཡིག་གསར་དུ་སློབ་མཁན་གྱི་ཕྱི་རྒྱལ་བ་ཚོར་ཡང་ཕན་ཐོགས་ངེས་ཅན་ཞིག་འབྱུང་ངེས་ཡིན་སྐོར་དང་། ཚིག་མཛོད་དེ་ཐོག་མར་རྩོམ་སྒྲིག་བྱེད་སྐབས་ནང་བསྟན་སྲི་ཞུ་ཁང་གིས་ཕྲུ་གུ་ལོ་བདུན་མན་ཆད་དང་རྒན་རྒོན་ཡི་གེ་མི་ཤེས་མཁན་རྣམས་ཀྱི་སྐད་ཆ་ཆུ་ཚོད་ ༣༠༠ སྒྲ་འཇུག་བྱས་ཏེ་ཡིག་ཐོག་ཏུ་ཕབ་ཡོད་པ་དེ་དང་། སྤྱི་ཚོགས་དྲ་རྒྱའི་ནང་གི་ཐ་སྙད་རྒྱུག་ཆེ་ཤོས་རྣམས་འདེམས་སྒྲུག་བྱས་ཤིང་། ཐ་སྙད་གཏན་འབེབ་བྱེད་སྟངས་ནི་ཨ་རི་ནས་བཟོས་ཡོད་པའི་དམའ་རིམ་གྱི་བྱིས་པའི་ཚིག་མཛོད་ཁག་གི་འགྲོ་སྟངས་ལ་གཞི་བཅོལ་ཡོད་ཚུལ་སོགས་གསུངས་ཡོད།
དེ་བཞིན་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་དེ་ཇི་ལྟར་སྒྲིག་པའི་སྐོར་ལ། ང་ཚོའི་ཚིག་མཛོད་འདི་སྒྲིག་སྟངས་ནི་ཨ་རིའི་ཨོ་ཁི་སི་ཧྥོར་ཌི་སོགས་ཀྱིས་བསྒྲིགས་ཡོད་པའི་བྱིས་པའི་ཚིག་མཛོད་(Longman Elementary Dictionary དང་། children’s writer’s word book 2nd Edition)ལ་དཔེ་བླངས་པའི་ཐོག་དང་པོ། མི་རྒན་རྒོན་དང་བྱིས་པ་སོགས་ཀྱི་སྐད་ཆ་སྒྲ་འཇུག་ཡིག་ཐོག་ཏུ་ཕབ་པ་མཉེན་ཆས་ཀྱིས་གཏུབ་པའི་ཐ་སྙད་ཀྱི་གྲངས་ཚད་བརྒྱ་ཆར་ཕབ་པ་དང་། སྤྱི་ཚོགས་དྲ་རྒྱ་ཁག་གི་ཐ་སྙད་སོགས་ཡིག་ཐོག་ཏུ་ཕབ་པའི་བརྒྱ་ཆ་ཕབ་པ་ཡིན། གཉིས་པ་བོད་སྐད་འགྲོ་སྟངས་ཀྱི་ཆ་ནས་གལ་ཆེ་བའི་ཐ་སྙད་དང་། ཕྲད། རྣམ་དབྱེ། བྱ་ཚིག་སོགས་ཀྱི་སྐོར་ཡིན། གསུམ་པ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་གོམས་གཤིས་ཀྱི་དབང་གིས་གལ་ཆེ་བའི་ཐ་སྙད་སོགས་ག་འདྲ་ཡོད་མེད་ཀྱི་དཔེ་མཚོན་གསུམ་དང་བསྡུར་ནས་བསྒྲིགས་པ་རེད། ཚིག་གི་འགྲེལ་བཤད་ཀྱང་ཚིག་གྲུབ་ཐུང་ཐུང་དང་། ཆབ་སྲིད་སོགས་ཀྱི་མ་བསྲེས་པར་བྱིས་པའི་སེམས་ཁམས་དང་མཐུན་པའི་སྟེང་འཛིན་རིམ་གསུམ་པའི་བར་དུ་རྨང་གཞི་ཚིག་མཛོད་འདི་བསྒྲིགས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
ཚིག་མཛོད་འདི་ནི་བོད་ཀྱི་གནམ་ལོ་གསར་ཚེས་དང་བསྟུན་ནས་དངོས་སུ་འགྲེམས་སྤེལ་བྱེད་ངེས་ཡིན་ལ། འདི་ནི་iOS དང་། android མ་ལག་གཉིས་ཀར་བཀོལ་སྤྱོད་བྱེད་ཐུབ།