ཕྱི་ལོ་ 2012 ཟླ་བ་བཞི་པ ཚེས་ 20
སྨོན་ལམ་ཚིག་མཛོད་ཐོན་རིམ་ ༡.༡ དངོས་སུ་དབུ་འབྱེད་བྱས་པ།
ཚིག་མཛོད་འདི་ནི་དེ་སྔའི་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོར་ལེགས་བཅོས་བྱས་ཤིང་། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་དུ་ཕྱེ་བའི་ཚིག་མཛོད་མཉེན་ཆས་གསར་པ་ཞིག་ཡིན།
སྨོན་ལམ་ཚིག་མཛོད་ཐོན་རིམ་ ༡.༡ དངོས་སུ་དབུ་འབྱེད་བྱས་པ།
ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ ཉིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོར་ལེགས་བཅོས་བྱས་ཤིང་། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་དུ་ཕྱེ་བའི་སྨོན་ལམ་ཚིག་མཛོད་ཐོན་རིམ་ ༡.༡ ཞེས་པའི་མཉེན་ཆས་དངོས་སུ་དབུ་འབྱེད་བྱས་ཡོད།
ཚིག་མཛོད་འདིར་བསྡོམས་པའི་མ་ཚིག་ཉིས་འབུམ་ལྷག་ཡོད་པར་མ་ཟད། སྡེ་ཚན་གཅིག་ནས་གཞན་ལ་ཐད་ཀར་བརྒྱུད་ནས་འཚོལ་ཐུབ་པ་བཟོས་ཡོད་པས་སྟབས་བདེ་བ་དང། དེ་སྔོན་སྨོན་ལམ་ཚིག་ཐོན་རིམ་དང་པོ་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་(Windows)ཁོ་ནའི་ནང་མ་གཏོགས་བེད་སྤྱོད་མི་ཐུབ་ཀྱང་། ད་ཆ་ཀུ་ཤུ་རྟགས་ཅན་གྱི་ཀློག་ཀླད་ནང་དུའང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་བཟོ་ཐུབ་ཡོད་པ་དང། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་དབྱིན་ཡིག་རིགས་ཀྱི་ལས་ཀ་གང་ཞིག་བྱེད་ནའང་ཚིག་མཛོད་འདིར་འབྲེལ་མཐུད་བྱེད་པར་ཧ་ཅང་སྟབས་བདེ་ཡིན་པས་བོད་ཡིག་དང་དབྱིན་ཡིག་འབྲི་ཀློག་སྦྱོང་གསུམ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།
ཚིག་མཛོད་འདི་ནི་དྲ་འབྱེད་མཉེན་ཆས་ཁག་དང་ཀུ་ཤུ་བཟོ་ཚོང་ཁག་གིས་བཟོས་པའི་མཉེན་ཆས་མང་ཆེ་བར་ཐད་ཀར་བེད་སྤྱོད་གཏོང་ཆོག་པས་ན། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཐུབ་པ་བྱུང་ཡོད།
སྨོན་ལམ་ཚིག་མཛོད་ ༡.༡ ནི་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་(Windows) ནང་ལའང་བེད་སྤྱོད་ལེགས་པར་ཐུབ་པར་མ་ཟད། དེ་སྔོན་གྱི་ཚིག་མཛོད་ལས་ཁ་འབྱེད་མགྱོགས་པ་དང་། བོད་ཡིག་ཚིག་མཛོད་ལ་ཞུ་དག་དང་བསྐྱར་བཅོས་ཐེངས་གཉིས་པ་བྱས་ཡོད་པས་ཕན་ཐོགས་གང་ལེགས་ཡོང་བའི་རེ་བ་ཡོད། འོན་ཀྱང་ད་དུང་ཚིག་མཛོད་འདིའི་ནང་སྐྱོན་དང་ནོར་འཁྲུལ་རིགས་ཡོད་སྲིད་ན། བེད་སྤྱོད་གནང་མཁན་ཚོས་དུས་ཐོག་ལ་འདི་གར་འབྲེལ་བ་གནང་ན་རིམ་པས་ཡར་རྒྱས་གཏོང་ཆོག་པ་མ་ཟད། འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཡིག་གི་ཚིག་མཛོད་ཆེན་མོ་ཞིག་ཀྱང་རྩོམ་སྒྲིག་བྱེད་བཞིན་མཆིས་ན། ཁྱོན་ཡོངས་ནས་རྒྱབ་སྐྱོར་རོགས་རམ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང། ཚིག་མཛོད་འདི་ནི་བོད་ཀྱི་མི་རིགས་དང་རིག་གནས་ཀྱི་སྲོག་རྩར་གྱུར་པའི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་ཆེད་དུ་དམིགས་ནས་བཟོས་པ་ཡིན་པས། ཚོགས་སྒེར་སུས་ཀྱང་ཚོང་བསྒྱུར་གཏན་ནས་བྱེད་མི་ཆོག