སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་དོན་དང་འབྲེལ་བའི་ཕྱོགས་བསྐྱོད་གནས་ཚུལ། (དང་པོ།)
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ཚེས་ ༡༥ ཉིན་གྱི་སྔ་དྲོར། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ས་སྐྱའི་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཕེབས་ནས་རྩོམ་སྒྲིག་པ་རྣམས་ལ་ཀློག་ཀླད་དང་ཚིག་མཛོད་མཉེན་ཆས་སོགས་ཀྱི་ཐད་ལ་བཀའ་མོལ་དང་ལམ་སྟོན་གནང་ཞིང་། ཉིན་དེའི་ཕྱི་དྲོར་ས་སྐྱ་མཐོ་སློབ་ཀྱི་སྒོ་རུམ་དཔེ་མཛོད་ཁང་དུ། སྨོན་ལམ་ཚིག་མཛོད་ཆེན་མོའི་བརྒྱུད་རིམ་དང་གལ་ཆེའི་རང་བཞིན། ཁྱབ་ཚད་དང་དགོས་མཁོ་སོགས་ངོ་སྤྲོད་གནང་།
ཕྱི་ལོ་ ༢༠༡༩ ལོའི་ཟླ་༣ ཚེས་ ༡༦ ཉིན་གྱི་སྔ་དྲོར། དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་དུ། ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་ས་སྐྱ༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་བརྒྱུད་རིམ་དང་འབྲེལ་ཏེ་ལས་གཞི་ངོ་སྤྲོད་དང་མ་འོངས་པའི་ལས་འཆར་སོགས་ཀྱི་སྐོར་ནས་ངོ་སྤྲོད་གསུང་བཤད་གནང་། སྐབས་དེར་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་དོན་དུ།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་ད་བར་དུ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་རིམ་འགྲོ་དང་འགྲོ་བཞིན་པ་རེད། དེ་བཞིན་ཆ་རྐྱེན་དེ་ཕུན་སུམ་ཚོགས་པ་ཡོང་དགོས་པ་གལ་ཆེན་པོ་རེད། ཆ་རྐྱེན་གལ་ཆེ་ཤོས་ཤིག་ལ་ད་སྔ་དེ་འདྲའི་ཞིབ་ཆ་མེད་པ་ཡིན་ཙང་། ཆོས་བརྒྱུད་ཁག་ཚང་མས་མཉམ་རུབ་བྱས་ནས་ཡག་པོ་ཞེ་དྲག་བྱུང་འདུག ཕྱག་ལས་དེ་འདྲ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡིན་ཙང་། སྐུ་ངལ་ཏན་ཏན་ཡོད་རྒྱུ་རེད་དེ། ད་སྔ་ཕལ་ཆེར་ཕྱག་ལས་འདི་འཆར་གཞི་ཡོད་པ་ནང་བཞིན་ཡག་པོ་ཞེ་དྲག་བྱུང་འདུག སེམས་གཏིང་ནས་ངེས་པ་ཡག་པོ་རྙེད་ན་བྱ་བ་ཡག་པོ་སྒྲུབ་ཐུབ་ཀྱི་རེད། དེར་བརྟེན་མུ་མཐུད་ནས་འབད་པ་གནང་རོགས་གནང་། ཞེས་བཀའ་སྩལ།