དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཡོ་རོབ་ཁུལ་དུ་བོད་སྐད་ཡིག་གི་ལས་དོན་ཆེད་ཕྱོགས་བསྐྱོད་གནང་བ།

བོད་ཀྱི་སྐད་ཡིག་འདི་དེང་རབས་བརྡ་འཕྲིན་གྱི་དུས་རབས་སུ་འཕྲུལ་ལས་སྣ་ཚོགས་ལ་བརྟེན་ནས་འཛམ་གླིང་གི་སྐད་ཡིག་གཞན་ལྟར་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་ལས་ཤིག་ཡིན་པར་བརྟེན། ཐེངས་འདིར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཡོ་རོབ་ཁུལ་དུ་ཕེབས་ཏེ་བོད་ཀྱི་སྐད་ཡིག་གཙོ་གཉེར་བྱེད་སའི་གཙུག་ལག་སློབ་ཆེན་ཁག་དང་མཉེན་ཆས་བཟོ་ཚོང་ཁང་། དེ་བཞིན་མི་སྒེར་སོགས་ལ་འབྲེལ་ལམ་རྒྱུན་མཐུད་དང་ལས་དོན་མཉམ་འབྲེལ་སྐོར་ནས་ཕན་ཚུན་གོ་བསྡུར་དང་གྲོས་མོལ་སྣ་ཚོགས་བྱས།

དེ་ཡང་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༡ ཟླ་ ༡༩ ཉིན་ནས་ཕྱོགས་བསྐྱོད་མགོ་བཙུགས་ཤིང་། ཐོག་མར་སིད་སིར་རྟེན་གཞི་བྱས་པའི་རེ་ཀོན་ཚོགས་པའི་འགན་འཛིན་དང་མཁན་པོ་ཐུབ་བསྟན་ལེགས་སྨོན་བཅས་ལ་མཇལ་འཕྲད་གནང་ཞིང་འཇར་བོད་ཚིག་མཛོད་སྐོར་ལ་ཚོགས་འདུ་ཚོགས་པ་དང་། འཇར་བོད་ཚིག་མཛོད་མཉེན་ཆས་བཟོ་བར་གྲོས་མོལ་བྱས།

དེ་ནས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ལ་རྟེན་གཞི་བྱས་པའི་(INALCO) ཨ་ན་ལོ་ཁོ་སློབ་ཆེན་དུ་ཕེབས་ནས་སློབ་ཆེན་དེ་གའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན་ཆེན་མོ་ཆོས་ཉིད་དབང་མོ་མཆོག་མཇལ་ཞིང་སློབ་ཆེན་གྱི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་མ་དང་ལས་བྱེད་རྣམས་ལ་གཏམ་བཤད་གནང་བར་མ་ཟད། ཚིག་མཛོད་རིག་པའི་ཆེད་ལས་དགེ་རྒན་ཆེན་མོ་བཞི་དང་ལྷན་དུ་ཚིག་མཛོད་སྒྲིག་སྟངས་དང་ཚིག་མཛོད་རིག་པའི་གཞུང་ལུགས་སོགས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོར་བྱས། དེ་མིན་བོད་ཀྱི་རིག་གཞུང་དང་ཧྥ་རན་སི་དང་བོད་ཡིག་ཚིག་མཛོད་བཟོ་ཕྱོགས། དེ་བཞིན་མ་འོངས་པར་མཉམ་ལས་བྱེད་ཕྱོགས་བཅས་ལ་གྲོས་མོལ་བྱུང་ཞིང་། གཙུག་ལག་སློབ་ཆེན་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་ཀ་དང་འབྲེལ་བའི་ངོས་སྦྱོར་ཡིག་ཆ་གནང་།

དེ་ནས་དབྱིན་ཡུལ་དུ་ཕེབས་ཤིང་། ཨོག་སི་ཧྤོར་ཏྲི་(OXFORD UNIVERSITY)གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཚེ་རིང་དོན་འགྲུབ་ལགས་ཀྱིས་འགན་ཁུར་གནང་སྟེ་སློབ་ཆེན་དེ་གའི་བོད་ཀྱི་སྐད་ཡིག་གཙོས་བོད་ཀྱི་རིག་གཞུང་དང་འབྲེལ་ཡོད་རྣམས་ལ་མཇལ་འཕྲད་དང་གཏམ་བཤད་བྱས། སློབ་གྲྭ་དེ་གའི་ཉམས་ཞིབ་པ་བླ་མ་སྐྱབས་དང་སློབ་ཕྲུག་མང་པོ་ཞིག་ལའང་མཇལ་མོལ་ལྷུག་པོ་བྱུང་། དེ་མིན་བོད་ཀྱི་ཐེབས་རྩ་ཁང་གིས་གོ་སྒྲིག་བྱས་ཏེ་བོད་ཀྱི་ཞི་བའི་སྐྱེད་ཚལ་དང་ཐེབས་རྩ་ཁང་གི་ལས་ཁུངས་སོགས་ལ་ལྟ་སྐོར་བྱས་ཤིང་། SOAS ལོན་ཊོན་གཙུག་ལག་སློབ་ཆེན་ལ་ཕེབས་ནས་འབྲེལ་ཡོད་རྣམས་ལ་གཏམ་བཤད་བྱས།

དེ་བཞིན་བོད་ཀྱི་ཐེབས་རྩ་ཁང་གི་གོ་སྒྲིག་འོག་ཡོ་རོབ་དོན་གཅོད་ཁང་དུ་བོད་རིགས་རྣམས་ལ་གཏམ་བཤད་བྱས་པ་སོགས་མདོར་ན་ཡོ་རོབ་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གཙུག་ལག་སློབ་ཆེན་ཁག་ལ་གཏམ་བཤད་དང་ཕན་ཚུན་བསམ་བློ་བརྗེ་རེས། དམིགས་བསལ་ཕན་ཚུན་མཉམ་འབྲེལ་གྱི་ཕྱོགས་ནས་ཕན་ཚུན་གཉིས་མོས་ཀྱི་འབྲེལ་ལམ་ཧ་ཅང་ཡག་པོ་བྱུང་སྟེ་ཐེངས་འདིའི་ལས་དོན་ཡོངས་སུ་ལེགས་པར་གྲུབ་བོ།།