དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ནང་བསྟན་སྲི་ཞུ་ཁང་གི་ལོ་འཁོར་མཛད་སྒོར་ཕ་སྐད་དར་སྤེལ་སྐོར་གསུང་བཤད་གནང་བ།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནང་བསྟན་སྲི་ཞུ་ཁང་གི་ལོ་འཁོར་མཛད་སྒོར་མཉམ་ཞུགས་དང་འབྲེལ་ཕ་སྐད་གཙང་མ་དར་སྤེལ་ཇི་ལྟར་བྱེད་པའི་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༠ ཉིན་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ནང་བསྟན་སྲི་ཞུ་ཁང་དབུ་བརྙེས་ཏེ་ལོ་གསུམ་འཁོར་བའི་མཛད་སྒོ་ཚོགས་ཡོད། མཛད་སྒོ་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གཙོས་ཤེས་ཡོན་པ་དང་། སྲི་ཞུ་ཁང་གི་ལས་བྱེད་བཅས་ཁྱོན་མི་གྲངས་ ༩༠ བརྒལ་བ་ལྷན་འཛོམས་བྱུང་ཡོད།
མཛད་སྒོའི་ཐོག་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ “ཕ་སྐད་གཙང་མ་དར་སྤེལ་ཇི་ལྟར་བྱེད་པའི་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ལ། ཁོང་གིས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པར་ཕ་སྐད་གཙང་མ་བཤད་རྒྱུ་དང་། དེ་ཉིད་སྤྱི་ཚོགས་ནང་དར་སྤེལ་གཏོང་རྒྱུའི་གལ་གནད་དང་ཐབས་ལམ་སྐོར་ལ་ལམ་སྟོན་གནང་ཡོད།
དགེ་བཤེས་ལགས་ཀྱིས་མཛད་སྒོའི་སྐུ་མགྲོན་གཞན་རྣམས་དང་ལྷན་དུ། ནང་བསྟན་སྲི་ཞུ་ཁང་ནས་བཏོན་པའི་དཔེ་དེབ་༼སློབ་ཁྲིད་ཐབས་ལམ་ལག་དེབ་དང་ཁྲིད་ཆས།༽ཞེས་པ་དང་། ༼ཡིག་རྨོངས་སེལ་བའི་ཐབས་ལམ་༽གཉིས་དབུ་འབྱེད་གནང་བ་དང་། དགེ་རྒན་འོས་སྦྱོང་སློབ་མཐར་ཕྱིན་པའི་སློབ་ཕྲུག་རྣམས་ལ་ལག་འཁྱེར་ཡང་གནང་ཡོད། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་ཕ་སྐད་ཐོག་བསམ་བློ་གཏོང་ཐུབ་པར་ཆེད་དུ་དམིགས་པའི་ “ཕ་སྐད་གཙང་མའི་ཇ་ཁང་” ཞེས་པ་ཞིག་ཀྱང་གསར་དུ་སྒོ་འབྱེད་གནང་ཡོད།