ལམ་འབྲས་ཚིག་མཛོད་ཆེན་མོ་དབུ་འབྱེད་གནང་བ།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༣ ཉིན་གནས་ཆེན་ལིམ་བི་ནིའི་ཚལ་དུ་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཐེངས་ ༣༣ པ་སྐོང་འཚོགས་གནང་བཞིན་པའི་སྐབས་དང་། འཁོན་རིགས་བསྟན་པའི་གསལ་བྱེད་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་དང་སྟབས་བསྟུན། ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེས་དབུས་པའི་བསྟན་བདག་བླ་ཆེན་རྣམ་པ་དབུ་བཞུགས་ཐོག འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་། དབུས་ས་སྐྱའི་སྨོན་ལམ་ཐེབས་རྩ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་རྩོམ་སྒྲིག་དང་བཟོ་སྐྲུན་བྱས་པའི་ལམ་འབྲས་ཚིག་མཛོད་ཆེན་མོ་པོད་ལྔའི་བདག་ཉིད་ཅན་ཞིག་དེབ་གཟུགས་དང་། དེང་རབས་བརྡ་འཕྲིན་བརྒྱུད་ལམ་དུ་ཀུ་ཤུ་རྟགས་ཅན་གྱི་མ་ལག་(iOS)དང་། ཨན་ཌོར་(android)མ་ལག་གཉིས་སུ་ཅི་དགར་བེད་སྤྱོད་གཏོང་ཐུབ་པའི་མཉེན་ཆས་གཉིས་ལེགས་པར་གྲུབ་པའི་དབུ་འབྱེད་མཛད་སྒོ་ཚོགས།
མཛད་སྒོའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་མཉམ་ཞུགས་གནང་སྟེ། འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་དང་། སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞིའི་ཐོག་མཐའ་ཀུན་ཏུ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་གཟིགས་པ་ཆེན་པོས་མཐུན་འགྱུར་རྒྱབ་སྐྱོར་བླ་མེད་གནང་བར་བཀའ་དྲིན་རྗེས་དྲན། དེ་བཞིན་སྤྱིར་ཚིག་མཛོད་ཀྱི་བྱུང་རིམ་དང་གལ་ཆེའི་རང་བཞིན་སྐོར་སོགས་ནས་གསུང་བཤད་གནང་བ་དང་། ༸གོང་མ་ཁྲི་ཆེན་རིན་པོ་ཆེའི་ཞལ་སྔ་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་བྱ་གཞག་སྒྲུབ་པར་རྗེས་སུ་ཡི་རང་མཚོན་པའི་གཟེངས་བསྟོད་བཀའ་ཤོག་ཅིག་ཀྱང་སྩལ་གནང་མཛད།