ཕྱི་ལོ་ 2022 ཟླ་བ་ལྔ་པ ཚེས་ 27
༸གོང་ས་མཆོག་གིས་པོད་ ༢༢༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དབུ་འབྱེད་གནང་བ།
མཛད་སྒོའི་སྟེང་༸གོང་ས་མཆོག་གིས་ “ད་རེས་འདིར་ཁྱེད་རང་ཚོས་སྨོན་ལམ་ཚིག་མཛོད་བཟོས་པ་དེར་བཀའ་དྲིན་ཆེ་ཞུ་བ་ཡིན། ཞེ་དྲག་ཡག་པོ་རེད། ་་་རིམ་པས་རྒྱ་ཡིག་ཏུ་བསྒྱུར་ཐུབ་པར་བསམ་བློ་གཏོང་དགོས་ཀྱི་འདུག” ཅེས་སོགས་ཀྱི་བཀའ་སློབ་གསུང་བཤད་གནང་།
༸གོང་ས་མཆོག་གིས་པོད་ ༢༢༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དབུ་འབྱེད་གནང་བ།
ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༢༧ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་པོད་ ༢༢༣ བདག་ཉིད་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོའི་མདུན་དུ་སྣང་གསལ་མར་མེ་ཞལ་འབྱེད་དང་ཚིག་མཛོད་ཆེན་མོ་དངོས་སུ་དབུ་འབྱེད་གནང་བ་དང་འབྲེལ། “ད་རེས་འདིར་ཁྱེད་རང་ཚོས་སྨོན་ལམ་ཚིག་མཛོད་བཟོས་པ་དེར་བཀའ་དྲིན་ཆེ་ཞུ་བ་ཡིན། ཞེ་དྲག་ཡག་པོ་རེད། ་་་རིམ་པས་རྒྱ་ཡིག་ཏུ་བསྒྱུར་ཐུབ་པར་བསམ་བློ་གཏོང་དགོས་ཀྱི་འདུག” ཅེས་སོགས་ཀྱི་བཀའ་སློབ་གསུང་བཤད་ཟབ་རྒྱས་སྩལ་གནང་མཛད།
མཛད་སྒོའི་སྟེང་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་དང་ཞེ་གསུམ་པ། རྒྱལ་བའི་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་༸དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ཚོགས་གཙོ་བསོད་ནམས་བསྟན་འཕེལ་སོགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ལས་མི། དེ་མིན་གྱི་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གང་མང་མཉམ་ཞུགས་གནང་ཡོད།
སྐབས་དེར། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་མཚམས་སུ་སླར་ཡང་༸གོང་ས་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད།
གཞན་ཡང་། མཛད་སྒོའི་ལས་རིམ་འདིར་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་རྣམ་པར་ཕྱག་འཁྱེར་སྩལ་གནང་མཛད་ཅིང་། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ། ༸དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ། ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་བཅས་ཀྱིས་རིམ་པར་གསུང་བཤད་གནང་བ་དང་། མཇུག་མཐར་སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་མཛད་སྒོ་ལེགས་པར་གྲོལ།