ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༨ ཉིན་དྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ངོས་ནས་སྨོན་ལམ་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་རྒྱས་པ་ཞིག་བསྡུས་ཤིང་། ཚོགས་མགོན་དུ་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་ཟུར་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག བཀའ་ཟུར་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གྱིས་མཚོན་པའི་སྤྱི་འཐུས་ཁག་ཅིག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ། ནང་པའི་་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཁང་། དྷ་སའི་གཡས་གཡོན་གྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན། རྩོམ་སྒྲིག་པ་དང་ཉམས་ཞིབ་པ། མཁས་དབང་དང་ཤེས་ཡོན་ཅན། དེ་བཞིན་གསར་འགོད་པ་བཅས་གནད་ཡོད་མི་སྣ་བརྒྱ་ལྷག་ཅིག་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་།
ཚོགས་འདུའི་ཐོག་མར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས་བགྲོ་གླེང་ཚོགས་འདུའི་དགོས་དམིགས་དང་འབྲེལ་ནས་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་ངོ་སྤྲོད་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་བྱུང་རིམ་དང་འབྲེལ་བའི་ལས་ཁུངས་ངོ་སྤྲོད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དྲ་རྒྱ་ངོ་སྤྲོད་དང་འབྲེལ་ནས་དྲ་རྒྱའི་སྡེ་ཚན་ཁག་ངོ་སྤྲོད་ཞིབ་རྒྱས་གནང་། ཚིག་མཛོད་རྩོམ་སྒྲིག་པ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ནང་མ་ཚིག་གི་ཐ་སྙད་ཁག་ལ་བརྡ་སྤྲོད་ཀྱི་དབྱེ་བའམ་ཆ་ཤས་དགར་ལུགས་ག་འདྲ་ཡིན་མིན་དང་། ཚིག་མཛོད་འདིའི་ནང་བརྡ་སྤྲོད་ཀྱི་དབྱེ་བ་བརྒྱད་ལ་བགར་ཡོད་པ། དབྱེ་བ་བརྒྱད་པོ་དེའི་ནང་བོད་ཀྱི་བརྡ་སྤྲོད་པའི་རྣམ་གཞག་ཆ་ཚང་འདུས་ཚུལ། དེ་བཞིན་ཚིག་མཛོད་ནང་རིག་ཚན་ཁག་གི་ཐུན་མིན་བརྡ་ཆད་ཀྱི་དབྱེ་བ་དགར་ལུགས་སོགས་ཀྱི་ཐད་ངོ་སྤྲོད་གཏམ་བཤད་རྒྱས་པ་གནང་ཡོད། ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་ནང་ཐ་སྙད་ལ་འགྲེལ་བཤད་རྒྱག་སྟངས་ཀྱི་ཚད་གཞིའི་སྐོར་དང་། འགྲེལ་བཤད་རྒྱག་སྟངས་དེ་ཡང་གཅིག་ནས་ཞིབ་ཚགས་པོ་དང་། གཉིས་ནས་འགྲེལ་བཤད་ལ་གོ་རིམ་ཡོད་པ། གསུམ་ནས་འགྲེལ་བཤད་ཀྱི་ཚིག་གོ་སླ་བ་བཅས་གཙོ་འདོན་གྱིས་འགྲེལ་བཤད་རྒྱག་རྩིས་ཡོད་སྐོར་གྱི་བགྲོ་གླེང་གཏམ་བཤད་ཞིབ་རྒྱས་གནང་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཟུར་༸ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་དོན། “སྨོན་ལམ་ལགས་ཀྱིས་དེང་དུས་ཀྱི་དགོས་མཁོ་ཆེ་བའི་ལས་དོན་འདིའི་ཐོག་དམིགས་བསལ་གྱིས་འགན་ཁུར་ཆེན་པོ་ཞིག་ཁུར། སྐུ་མདུན་གྱིས་རྒྱབ་སྐྱོར་གནང་གི་ཡོད་པ་ཡིན་དུས་ང་ཡང་རྒྱབ་སྐྱོར་གྱི་ཆེད་དུ་འདིར་ཡོང་བ་ཡིན་”ཞེས་གསུངས་ཏེ་བཀའ་སློབ་དབུ་འཛུགས་གནང་བ་དང་། དེ་རྗེས་“ཚིག་མཛོད་དང་འབྲེལ་བའི་ལས་གཞི་འདི་ཧ་ཅང་རྒྱ་ཆེན་པོ་དང་ཞིབ་ཚགས་པོ་ཧ་ལས་དགོས་པ་དེ་འདྲ་ཞིག་མཐོང་སོང་། དེ་བས་དོན་ཚན་རེ་རེའི་སྟེང་དུ་མཁས་པའི་ལྷན་ཚོགས་ཐེངས་མང་པོ་གནང་ནས་བགྲོ་གླེང་གྲོས་བསྡུར་མང་པོ་བྱེད་དགོས་པའི་ལས་གཞི་ཞིག་རེད་འདུག་བསམ་པ་ང་ལ་ཚོར་བ་བྱུང་”ཞེས་དང་། དེ་རྗེས་ཡང་“རྗེས་ཕྱོགས་ལས་དོན་དངོས་ཀྱི་སྟེང་ཕེབས་སྐབས་མཁས་པའི་བགྲོ་གླེང་གོ་བསྡུར་མང་པོ་དང་ཞིབ་འཇུག་རྒྱ་ཆེན་པོ་གནང་གི་རེད་བསམ་པའི་ཡིད་ཆེས་ཡོད”ཅེས་སོགས་བཀའ་སློབ་ལམ་སྟོན་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་སློབ་གནང་དོན། “སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ལས་གཞིར་ཡི་རངས་བསྔགས་བརྗོད་དང་འབྲེལ་ལས་མི་མང་པོར་འགྱུར་བ་འགྲོ་སྲིད་ནའང་རྩ་བའི་བློ་བཟང་སྨོན་ལམ་རང་གིས་རྐང་འཛིན་བྱས་ཏེ་འགྲོ་དགོས་རྒྱུ་གལ་ཆེན་པོ་རེད”ཅེས་དང་། ཚིག་མཛོད་ཀྱི་བྱུང་རིམ་གསུང་སྐབས་ཁོང་གིས་“སྤྱིར་བཏང་མཛོད་ཟེར་བ་དང་། ཚིག་མཛོད་ཟེར་བའི་ཐ་སྙད་དེ་ངས་དམིགས་བསལ་ཞིབ་འཇུག་བྱས་ནས་གྲུབ་དོན་རྙེད་པ་མིན་ཡང་། ཚོད་དཔག་བྱས་ན་རྒྱ་གར་གྱི་གནའ་བོའི་ཐ་སྙད་ཅིག་རེད་བསམ་གྱི་ཡོད། ལོ་སྟོང་ཕྲག་མང་པོའི་སྔོན་ཏེ་སྟོན་པ་འཇིག་རྟེན་དུ་མ་བྱོན་པའི་གོང་ནས་ཚིག་མཛོད་ཕལ་ཆེར་ཡོད་རེད་བསམ་གྱི་འདུག ད་ལྟ་ང་ཚོར་རག་པ་དེ་འཆི་མེད་སེང་གེས་བརྩམས་པའི་འཆི་མེད་མཛོད་དེ་བོད་སྐད་ལ་ཡོད་རེད། དེ་ཧ་ཅང་རྙིང་བ་མིན་ན་ཡང་། དེས་ག་རེ་མཚོན་གྱི་རེད་ལབ་ན་སྔོན་མ་ནས་རྒྱ་གར་ནང་ཚིག་མཛོད་སྒྲིག་རྒྱུའི་སྲོལ་ཡོད་པ་རྟོགས་ནུས་ཀྱི་ཡོད་”ཅེས་དང་། ཡང་ཁོང་གིས་“ནུབ་ཕྱོགས་པ་ཚོས་གཅིག་བྱས་ན་ཕལ་ཆེར་ང་ཚོ་ཤར་ཕྱོགས་པ་ཚོར་དཔེ་བལྟས། དཔེ་ལྟ་མཁན་དེ་དཔེ་བལྟ་ས་ལས་ཡར་རྒྱས་ཆེ་རུ་ཕྱིན། ང་ཚོ་ཐོག་མའི་རིག་པའི་གཞུང་ལུགས་སྲོལ་འབྱེད་མཁན་དེ་གང་མཚམས་ཤིག་ནས་ཉོབ་པའམ་ཐང་ཆད་པའི་བཟོ་འདྲ་ཞིག་བྱས་ཏེ་ཡར་རྒྱས་ཀྱི་འགྲོས་འགག་སྟེ་གང་ལྟར་ཁོང་ཚོ་ལས་ཚུར་ལེན་དགོས་ཀྱི་ཡོད་པ་དེ་ངོས་ལེན་བྱེད་དགོས་པ་ཞིག་རེད་”ཅེས་དང་། ཡང་ཁོང་གིས་“ལྔ་བཅུ་ང་དགུའི་སྔོན་ལ་བོད་ཀྱི་རྒྱུན་སྤྱོད་ཀྱི་ཐ་སྙད་ཁོངས་སུ་ཡོད་བསྡད་པ། དངོས་སུ་མང་ཚོགས་དཀྱུས་མའི་ནང་ལ་བེད་སྤྱོད་གཏོང་གི་ཡོད་པ། འོན་ཀྱང་དེང་བེད་སྤྱོད་རྩ་བ་ནས་མེད་པ་འདྲ་བོ་དེ་འདྲ་ཡོད་པ་ཁག་ངེས་པར་བདག་རྒྱག་དགོས་པ་གལ་ཆེན་པོ་ཡིན་”སྐོར་གསུངས་པ་དང་། ཡང་ཁོང་གིས་“ཚིག་མཛོད་སྒྲིག་པའི་སྐབས་དང་། ཚིག་མཛོད་ཀྱི་སྒྲོམ་གཞི་གཏན་འབེབས་དང་འགྲེལ་བཤད་རྒྱག་པའི་སྐབས་སུ། མདོའི་ནང་ནས་དོན་རྣམ་པར་ངེས་པའི་མདོ་དང་། བསྟན་བཅོས་ཀྱི་ནང་ནས་ཆོས་ཀྱི་རྣམ་གྲངས། རྣམ་བཤད་རིགས་པ། དེ་ཚོར་ངེས་པར་ཁུངས་གཏུགས་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག དེ་ཚོའི་ནང་དུ་ཐ་སྙད་ཀྱི་འགྲེལ་བརྗོད་བྱེད་སྟངས་དང་། ཐ་སྙད་ལ་ངེས་ཚིག་གི་བཤད་པ་བྱེད་སྟངས། ལྷག་པར་དུ་ཚིག་དོན་འགྲེལ་སྟངས་དེ་ཚོ་རྒྱ་གཞུང་ཡིན་ཙང་གོ་ཁག་ནའང་དེ་ཚོ་ཡང་ཡང་ཀློག་ན་གནའ་བོའི་བརྡ་སྤྲོད་རིག་པ་དང་མིང་ཚིག་རིག་པའི་འགྲོས་འདྲ་བོ་རྟོགས་ཐུབ་པར་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག་”ཅེས་དང་། ཡང་ཁོང་གིས་“སྨོན་ལམ་ལགས་ལ་ཕྱག་རོགས་ཡང་ཡག་པོ་རྐྱང་རག་འདུག་པ་དེ་ཡང་ཁོང་གི་བསོད་ནམས་འདྲ་ཞིག་རེད་”ཅེས་སོགས་བཀའ་སློབ་ཟབ་རྒྱས་གནང་། ཕྱི་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་ཚིག་མཛོད་རྩོམ་སྒྲིག་གི་ཉམས་མྱོང་དང་འབྲེལ་བའི་བགྲོ་གླེང་གཏམ་བཤད་དང་། དེ་བཞིན་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ལས་གཞི་འདིར་ཡི་རང་བསྔགས་བརྗོད་དང་འབྲེལ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཐ་སྙད་གཏན་འབེབས་ཀྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་སྟབས་དེ་དང་ཡང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་དང་། ལས་དོན་འདིར་རྒྱབ་སྐྱོར་ཡོད་སྐོར་གྱི་གཏམ་བཤད་གནང་བ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གནས་ཐོག་མཁས་དབང་དང་། ཆེད་ལས་ཞིབ་འཇུག་པ། དགེ་རྒན་ཆེན་མོ་དང་དགེ་བཤེས་སོགས་ཤེས་མྱོང་ཅན་མང་པོའི་བསམ་ཚུལ་ལྷུག་བརྗོད་དང་དྲི་བ་དྲིས་ལན་བཅས་གནང་སྟེ་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཚོགས་འདུ་ལེགས་པར་གྲོལ།སྨོན་ལམ་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ།
དྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ་ཤེས་ཡོན་དང་འབྲེལ་བའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་བརྒྱ་ལྷག་ལྷན་འཛོམས་ཐོག་སྨོན་ལམ་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་དང་འབྲེལ་བའི་བགྲོ་གླེང་ཚོགས།