དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཨེ་མོ་རི་གཙུག་ལག་སློབ་ཆེན་དུ་གདན་ཞུ་དང་ཨ་རིའི་ནང་སྐོར་སྐྱོད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཨ་རིའི་(Emory University)ཨེ་མོ་རིའི་གཙུག་ལག་སློབ་གྲྭ་ཆེན་མོས་གདན་ཞུས་བྱས་པ་བརྒྱུད། ཟླ་ ༣ ཚེས་ ༡༩ ནས་ཟླ་ ༤ ཚེས་ ༩ བར་ཨེ་མོ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོས་པའི་ཨ་རིའི་རིག་གཞུང་ལྟེ་གནས་ཁང་ཁག་འགར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གསར་དུ་བཟོས་པའི་སྒྲ་བསྒྱུར་སྐོར་གཙོར་འདོན་གྱིས་གཏམ་བཤད་གནང་ཡོད།

ཨེ་མོ་རིའི་གཙུག་ལག་སློབ་གྲྭ་ཆེན་མོར་གཏམ་བཤད།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༣ ཚེས་ ༢༢ ཉིན། ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་དུ་ཨེ་མོ་རི་བོད་ཀྱི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བརྡ་ཆད་ཚོགས་འདུ་མགོ་འཛུགས་བྱས་ཤིང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་འདི་ག་ལས་ཁུངས་ནས་གསར་དུ་བཟོས་པའི་སྒྲ་བསྒྱུར་མཉེན་ཆས་དང་དེའི་རྒྱབ་ལྗོངས་བཅས་ངོ་སྤྲོད་གཏམ་བཤད་རྒྱས་པ་གནང་བ་དང་། དེ་ནས་བཟུང་ཉིན་བདུན་གྱི་རིང་ཉིན་རེར་ཚོགས་ཐུན་བཞི་རེ་བྱས་ཏེ་བརྗོད་གཞི་མི་འདྲ་བ་དངོས་ཁམས་དང་རྫས་འགྱུར། སྐྱེ་ཁམས། ཀླད་ཁམས་ཚན་རིག་བཅས་ཀྱི་སྐོར་ནས་བགྲོ་གླེང་དང་དེ་འབྲེལ་གྱི་ཐ་སྙད་གཏན་འབེབས་བྱས།

བོད་ཀྱི་བདུན་ཕྲག་ལེ་ཚན་དུ་གཏམ་བཤད།

ཚེས་ ༢༧ གྱི་དགོང་མོར་ཨ་རིའི་ཨེ་མོ་རིའི་(Tibet Week)བོད་ཀྱི་བདུན་ཕྲག་ཅེས་པའི་ལེ་ཚན་དུ་ཁོང་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་གཞི་སྤྱི་དང་ལྷག་པར་ཏུ་ཉེ་ཆར་གསར་བཟོ་བྱས་པའི་སྒྲ་བསྒྱུར་གྱི་ཐད་ནས་གཏམ་བཤད་དང་དྲི་བ་དྲིས་ལན། ཚོགས་ཞུགས་པ་ཕན་ཚུན་བསམ་བློ་བརྗེ་རེས་སོགས་བྱས།

ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་དང་ལྷན་དུ་གྲོས་མོལ།

ཟླ་ ༤ ཚེས་ ༣ དང་ ༤ བཅས་ཉིན་གཉིས་ཀྱི་རིང་བསྟུད་མར་ཁོང་གིས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་རྣམས་དང་ལྷན་དུ་སྒྲ་བསྒྱུར་སྐོར་ངོ་སྤྲོད་དང་དྲི་བ་དྲིས་ལན། མ་འོངས་པར་སྒྲ་བསྒྱུར་གཅིག་གྱུར་ཡོང་ཐབས་བཅས་ཀྱི་སྐོར་ནས་གཏམ་བཤད་དང་གྲོས་མོལ་བྱས་ཤིང་། ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་།

ལ་རྩེ་དཔེ་མཛོད་ཁང་དུ་གྲོས་མོལ།

ཚེས་ ༧ ཉིན། ཨ་རིའི་ལ་རྩེ་དཔེ་མཛོད་ཁང་དུ་དེ་གའི་འགན་འཛིན་པདྨ་འབུམ་ལགས་མཇལ་ཏེ། ལ་རྩེ་དཔེ་མཛོད་ཁང་གིས་ཡིག་བསྒྱུར་བྱེད་བཞིན་པའི་དབྱིན་ཡིག་དཔེ་དེབ་ ༡༠༨ དང་འབྲེལ་ནས་སྒྲ་བསྒྱུར་ཇི་ལྟར་དགོས་མིན། གཞན་ཡང་ལ་རྩེ་དཔེ་མཛོད་ཁང་གིས་བཟོས་པའི་སྒྲ་བསྒྱུར་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཁང་གིས་བཟོས་པའི་སྒྲ་བསྒྱུར་གཉིས་གཅིག་གྱུར་ཡོང་ཐབས་བཅས་ཀྱི་ཐད་ནས་གྲོས་མོལ་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས།