ཕྱི་ལོ་ 2025 ཟླ་བ་བཅུ་པ ཚེས་ 26
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་ཐོབ།
སྨོན་ལམ་རིག་ནུས་ཀྱི་ལས་འཆར་གསར་གཏོད་པའམ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གངས་སེང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་གཟེངས་རྟགས་ཤིག་ཕུལ་འདུག
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་ཐོབ།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་ཡོ་རོབ་འཇར་མན་རྒྱལ་ཁབ་ཀྱི་གྲོང་ཁྱེར་བྷར་ལིན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གངས་སེང་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དངོས་སུ་ཚོགས་ཤིང་། མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཆེལ་བྷེརེན་ཌི་(Mr. ལགས་དང༌། Michael Brand) རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅར་ཌི་གྷི་ཡར་ (Mr. Richard Gere) ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ (Ms. Tencho Gyatso) ལགས། གཞན་ཡང་བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་དང་། སྤྲུལ་སྐུ་ཐོས་བསམ་རིན་པོ་ཆེ། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་དང་། ཡུལ་དེར་གནས་སྡོད་བོད་མི། དེ་བཞིན་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཅིག་བཅས་མཉམ་ཞུགས་གནང་འདུག །གཟེངས་རྟགས་འདི་ཉིད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་འབུམ་རམས་པ་སོ་ཕི་ རི་ཅར་ཌི་སོན་ (Dr. Sophie Richardson) ལགས་ལའང་ཕུལ་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ལོ་མང་རིང་བོད་ཀྱི་བརྡ་འཕྲིན་འཕྲུལ་ རིག་དང་འབྲེལ་བའི་ཕྱག་ལས་འབུར་དུ་ཐོན་པ་གནང་བ་དང་། ཁྱད་པར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དར་སྤེལ་ཆེད་གྲུབ་འབྲས་ལྡན་པའི་ལས་གཞི་སྣ་ཚོགས་བརྩམས་དང་རྩོམ་བཞིན་པར་ཆེ་བསྟོད་ངོས་འཛིན་དུ་ཕུལ་བ་ཡིན་འདུག
ང་ཚོས་ཆེ་བསྟོད་ངོས་འཛིན་འདི་ལྟ་བུ་གནང་མཁན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མཛད་སྒོར་མཉམ་ཞུགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། དེ་བཞིན་དགེ་བཤེས་ལགས་དང་གཟེངས་རྟགས་མཉམ་དུ་བཞེས་མཁན་འབུམ་རམས་པ་སོ་ཕི་རི་ཅར་ཌི་སོན་ལགས་ལའང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།