སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་སུད་སི་རི་ཀོན་ཆོས་འཁོར་དགོན་གཉིས་ཀྱིས་མཉམ་རུབ་ཐོག་འཇར་བོད་ཚིག་མཛོད་ཉེར་སྤྱོད་མཉེན་ཆས་གསར་བཟོ་བྱས་ཏེ་དངོས་སུ་འགྲེམ་སྤེལ་ཞུས་ཡོད། ཚིག་མཛོད་འདི་བོད་སྐད་ཡིག་དང་འཇར་མན་སྐད་ཡིག་གཉིས་ཀྱི་བར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཆེད་དུ་དམིགས་པ་ཞིག་ཡིན་ལ། Windows དང་། Android ཀུ་ཤུ་གློག་ཀླད། OS X ཀུ་ཤུ་ iOS བཅས་ཀྱི་ནང་རིན་མེད་དུ་བཀོལ་སྤྱོད་བྱེད་ཐུབ།

ལས་འཆར་འདི་ནི་སྨན་སྟོད་བློ་བཟང་བསྟན་འཛིན་ལགས་ཀྱིས་རྩོམ་སྒྲིག་གནང་བའི་འཇར་བོད་ཚིག་མཛོད་དཔེ་དེབ་གཉིས་དང་གཞི་མཚུངས་པ་ཡིན་ལ། ཚིག་མཛོད་ནང་འཇར་བོད་སྐད་གཉིས་ཐོག་མིང་ཚིག་ཆིག་ཁྲི་ལྔ་སྟོང་ལྷག་ཡོད། ཕལ་ཆེར་ནི་འཇར་མན་སྐད་ཡིག་ལ་སྤྱོད་པའི་ཕྱི་རྒྱལ་དུ་འཁོད་པའི་བོད་མིའི་སྤྱི་ཚོགས་ཀྱིས་རྒྱུན་སྤྱོད་དགོས་མཁོ་ཡོད་པ་རྣམས་ཡིན།

སུད་སི་རི་ཀོན་ཆོས་འཁོར་དགོན་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་ལས་ཀྱིས་འཇར་བོད་ཚིག་མཛོད་ཉེར་སྤྱོད་མཉེན་ཆས་འདི། འཇར་མན་སྐད་ཡིག་སྤྱོད་པའི་ཡུལ་ལུང་རྣམས་སུ་གཙོ་བོར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལ་སྨན་པའི་ཆ་རྐྱེན་དུ་གསར་བཟོ་དང་འགྲེམ་སྤེལ་ཞུས་པ་ལགས། འདི་ནི་འཇར་སྐད་སྨྲ་བའི་ཡུལ་དུ་གསར་སྐྱེས་དང་འཚར་ལོངས་བྱུང་བའི་བོད་ཀྱི་ན་གཞོན་ཚོར་བོད་ཀྱི་སྐད་ཡིག་སྦྱོང་བརྡར་སྐབས་ཕན་ཐོགས་དང་། རྗེས་འབྱོར་བོད་མི་རྣམས་ཀྱིས་འཇར་མན་སྐད་ཡིག་སློབ་སྦྱོང་ལའང་དགེ་ཕན་ཡོང་ཆེད། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་ཅན་གྱི་ནུབ་ཕྱོགས་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བཅས་ལ་སྨན་པའི་རེ་འདུན་ཆེ།