སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐུན་མིན་བརྡ་ཆད་རྩོམ་སྒྲིག་བྱེད་ཕྱོགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ།

ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༦ ནས་ཉིན་གཉིས་རིང་འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐུན་མིན་བརྡ་ཆད་རྩོམ་སྒྲིག་བྱེད་ཕྱོགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཚོགས་ཤིང་། ཚོགས་ཐོག་ཏུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་གྱིས་ཚོགས་ཞུགས་པ་རྣམས་ལ་འདི་གའི་ལས་ཁུངས་ངོ་སྤྲོད་དང་འབྲེལ། ལས་ཁུངས་ཀྱི་ལས་འཆར་ཁག་དང་། ལག་བསྟར་བྱེད་བཞིན་པའི་ལས་གཞི་ཁག དེ་བཞིན་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་སོགས་ངོ་སྤྲོད་གནང་བར་མ་ཟད། ཆོས་བརྒྱུད་ཁག་གི་ཐུན་མིན་བརྡ་ཆད་རྩོམ་སྒྲིག་བྱེད་སའི་གཞི་གྲངས་མཛོད་གསར་བཟོ་བྱས་ཡོད་པར་རྩོམ་སྒྲིག་ཇི་ལྟར་བྱེད་དགོས་མིན་ཡང་ངོ་སྤྲོད་གནང་ཡོད།

ཚིག་མཛོད་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། སྤྱིར་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་ཇི་ལྟར་རྩོམ་སྒྲིག་དང་བཟོ་སྐྲུན་བྱེད་བཞིན་ཡོད་མེད་དང་། དམིགས་བསལ་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་དང་ཆོས་བརྒྱུད་ཁག་གི་ཐུན་མིན་བརྡ་ཆད་བཅས་ལ་འགྲེལ་བཤད་ག་འདྲ་རྒྱག་དགོས་མིན་དང་དེའི་ཚད་གཞི་སོགས་འགྲེལ་བཤད་ཞིབ་ཚགས་གནང་། ཆོས་བརྒྱུད་ཁག་གི་ཚིག་མཛོད་རྩོམ་སྒྲིག་པ་རྣམས་ཀྱིས་ཀྱང་ཆོས་ལུགས་དང་འབྲེལ་བའི་ཐུན་མིན་བརྡ་ཆད་རྩོམ་སྒྲིག་བྱེད་ཚུལ་སོགས་སྐབས་ཀྱི་བརྗོད་གཞི་དང་འབྲེལ་བའི་དགོངས་ཚུལ་སྣ་མང་བཏོན།

མཇུག་མཐར་ལོ་རེར་ཆོས་བརྒྱུད་ཁག་གིས་བསྐོ་འཇོག་གནང་བའི་ཆོས་བརྒྱུད་སོ་སོའི་ཐུན་མིན་བརྡ་ཆད་རྩོམ་སྒྲིག་པ་རྣམས་ལོ་རེར་དྷ་སར་ལྷན་ཚོགས་ཐེངས་རེ་བྱ་རྒྱུ་དང་། འདི་གའི་ལས་ཁུངས་ངོས་ནས་ཀྱང་ཁོངས་སོ་སོའི་རྩོམ་སྒྲིག་པ་རྣམས་ཀྱིས་ཕྱག་ལས་དབུ་འཛུགས་གནང་མཚམས། ས་གནས་སོ་སོར་བཅར་ནས་རྩོམ་སྒྲིག་ཇི་ལྟར་གནང་གི་ཡོད་མེད་རྒྱུས་ལོན་དང་འབྲེལ་ལམ་སྟོན་གང་དགོས་བྱ་རྒྱུ་ཡིན་པར་གསུངས་ཡོད།