ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢ ནས་ ༥ བར་ཉིན་གྲངས་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སྐབས་གསུམ་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བ་བཅོ་བརྒྱད་ལ་ཉམས་ཞིབ་རིག་པའི་སྐོར་ཟབ་སྦྱོང་གནང་ཡོད།

དབུ་འབྱེད་མཛད་སྒོ།

དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དབུ་བཞུགས་ཐོག ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་དང་། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ཆོས་བརྒྱུད་སོ་སོའི་ཆེད་བསྐོས་མཁས་པའི་ཚོགས་ཆུང་གི་ཚོགས་མི་དྲུག གཞུང་ཆེན་རིགས་གཅིག་རྐང་འཛིན་པ་བཅས་ལྷན་འཛོམས་ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད། སྐབས་དེར་ཆོས་རིག་དྲུང་ཆེ་དང་དྲུང་འཕར་རྣམ་གཉིས་ནས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན། ཆེད་བསྐོས་མཁས་པའི་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཟབ་སྦྱོང་བ་རྣམ་པར་ལམ་སྟོན་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ།

ཟབ་སྦྱོང་གི་ནང་དོན།

ཉིན་གྲངས་བཞིའི་རིང་གི་ཟབ་སྦྱོང་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ཝར་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་བཅས་ནས་ཉམས་ཞིབ་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ཟབ་ཁྲིད་གནང་ཡོད།

ཟབ་སྦྱོང་གི་དགོས་པ།

ཕྱི་ལོ་ ༢༠༡༡ ལོར་ཆོས་ཚོགས་ཐེངས་ ༡༡ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་ཟབ་གསལ་ལམ་སྟོན་ཇི་སྙེད་ཕེབས་པའི་ཁྲོད། རང་རེའི་ཆོས་བྱེད་སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་རྒྱུའི་ཐོག་ལ་ལས་འགུལ་ཞིག་ངེས་པར་སྤེལ་དགོས་པའི་བཀའ་སློབ་ཕེབས་པའི་དགོངས་དོན། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོར་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཆེ་གྲས་ལྔ་བཅུ་ཙམ་གྱི་སྐུ་ཚབ་ཧྲག་བསྡུས་ཀྱིས་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཞེས་པ་བསྐོང་ཚོགས་བགྱིས་ཏེ་བཀའ་བསྡུར་ཞིབ་ལྷུག་གནང་གྲུབ་མཚམས། ཆོས་བརྒྱུད་སོ་སོའི་སྐུ་ཚབ་རྣམ་པས་ཀྱང་དགོངས་དོན་ལག་བསྟར་ཞུ་རྒྱུའི་ཁས་ལེན་ཞུས་པ་བཞིན་ལོ་ལྟར་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བ་བཅོ་བརྒྱད་ལ་ཉམས་ཞིབ་རིག་པའི་སྐོར་ཟབ་སྦྱོང་གནང་བཞིན་ཡོད། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ནས་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་སོན་པ་ཙམ་དུ་མ་ཟད། ཉམས་ཞིབ་ཀྱི་ལས་དོན་ནང་ཡང་མཉམ་ཞུགས་གནང་ཐུབ་པ་དགོས་གལ་ཆེ་བའི་གསུང་བཤད་གནང་། དེ་བཞིན་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་ནས་ཀྱང་གཞུང་ཆེན་རིགས་གཅིག་རྐང་འཛིན་ནི་བསྟན་པའི་སྲོག་ཤིང་ལྟ་བུ་ཡིན་པའི་གསུང་བཤད་གནང་ཡོད། མཐར་ཟབ་སྦྱོང་བ་རྣམས་ནས་དགེ་རྒན་རྣམ་པར་བཀའ་དྲིན་ཞུས་ཏེ་ཟབ་སྦྱོང་ལེགས་པར་གྲུབ།