བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་སྡེ་ཚན་དབྱེ་འབྱེད་དང་དཀར་ཆག་སྐོར་གྱི་བགྲོ་གླེང་ཚོགས་འདུ།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་སྡེ་ཚན་དབྱེ་འབྱེད་དང་དཀར་ཆག་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་འཚོགས་གནང་ཡོད། ཚོགས་འདུ་འདི་ཆོས་རིག་ལས་ཁུངས་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཡིན།

ཚོགས་འདུའི་ནང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་རྒན་བསོད་ནམས་སྟོབས་རྒྱལ་ལགས་བཅས་མཉམ་ཞུགས་གནང་ཡོད།

ཐོག་མར་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་ཚོགས་བཅར་བ་རྣམ་པར་དགའ་བསུའི་འཚམས་འདྲིའི་གསུང་བཤད་གནང་བ་དང་། དེ་རྗེས་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་གྲངས་འཛིན་དཔེ་མཛོད་ལས་གཞིའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་དང་འབྲེལ། ལས་གཞིའི་དགོས་དམིགས་དང་། འཕེལ་རིམ། ད་ལྟའི་གནས་བབ། མ་འོངས་པའི་འཆར་གཞི་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད། དེ་བཞིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཆེད། དཀར་ཆག་དང་སྡེ་ཚན་དབྱེ་འབྱེད་ཀྱི་གལ་གནད་སྐོར་གསུང་བཤད་གནང་ཡོད།

ཚོགས་འདུ་འདི་ནི་ད་ལྟ་བཟོ་སྒྲིག་བྱེད་བཞིན་པའི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དྲྭ་རྒྱའི་ནང་གི་ཆ་ཤས་གཙོ་བོ་དཀར་ཆག་དང་སྡེ་ཚན་དབྱེ་འབྱེད་ཀྱི་སྒྲིག་གཞི་གཏན་འབེབས་ཁ་གསལ་བཟོས་ནས། མ་འོངས་པར་དྲྭ་རྒྱ་བརྒྱུད་ནས་དགོས་མཁོའི་ཡིག་ཆ་ཁག་སྟབས་བདེའི་ངང་འཚོལ་ཞིབ་ཐུབ་པའི་ཆེད་དུ་ཡིན། ཉིན་གསུམ་གྱི་ཚོགས་འདུའི་ནང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་ཕྱོགས་བསྒྲིགས་བྱས་པའི་དཀར་ཆག་དང་སྡེ་ཚན་དབྱེ་འབྱེད་ཀྱི་རགས་ཟིན་སྒྲོམ་གཞི་ཁག་ལ་ཆེད་ལས་པ་རྣམ་པས་གོ་བསྡུར་དང་བགྲོ་གླེང་གིས་གཏན་འབེབས་བྱ་རྒྱུ་ཡིན་པ་རེད། །