<<འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན།>> ཞེས་པའི་དཔེ་དེབ་འགྲེམས་སྤེལ་མཛད་སྒོ།

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ ཉིན། ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་ ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་ པའི་སྐུའི་གོ་སྟོན་གྱི་ཉིན་བཟང་སྐར་བཟང་དང་བསྟུན། འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བརྩམས་ཤིང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཞུ་སྒྲིག་དང་དཔར་འགྲེམས་བྱས་པའི་སྨོན་ལམ་བརྡ་འཕྲིན་དཔེ་ཚོགས་ཀྱི་དེབ་དང་པོ་<<འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན།>> (Python Programming Fundamentals)ཞེས་པ་འགྲེམས་སྤེལ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས།

མཛད་སྒོའི་སྐུ་མགྲོན་དུ་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་ལགས་བཅས་དབུ་བཞུགས་ཐོག་རྩོམ་པ་པོ་དང༌། ཉམས་ཞིབ་པ། གསར་འགོད་པ་སོགས་དོན་གཉེར་ཅན་མང་པོ་མཉམ་ཞུགས་གནང་།

དཔེ་དེབ་འདི་ནི། བོད་ཀྱི་སྐད་ཡིག་ཐོག་ནས་འཕྲུལ་ལས་རིག་པའི་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུར་སྟབས་བདེ་ བསྐྲུན་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ལ། འཕྲུལ་རིག་སྐད་བརྡའི་རིག་ཚན་འདི་ཉིད་ད་སྔར་བོད་ཡིག་ ལམ་ནས་སྤེལ་བའི་སློབ་དེབ་ཐོག་མ་དེའང་ཡིན་སྲིད།

མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་སྐད་ཡིག་དང་ ནང་བསྟན་ཆོས་ལུགས་གཉིས་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་གཏོང་ཐུབ་རྒྱུར་འཕྲུལ་ལས་རིག་པ་ནི་ཧ་ ཅང་གལ་ཆེན་ཡིན་པ་ནན་བརྗོད་གནང་བ་དང་ཆབས་ཅིག སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་ དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་སོང་།

མཐའ་དོན་དུ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་དགེ་ བཤེས་སྨོན་ལམ་ལགས་ཀྱི་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་དང་ཁ་གཡང་གཅིག་མཐུན་དུ་གསུངས་ཤིང་། སླད་མར་ཡང་དགེ་བཤེས་ལགས་ཀྱིས་བོད་སྤྱིའི་རྩ་དོན་ཆེད་དུ་ལྷག་བསམ་རྣམ་དག་གིས་མུ་མཐུད་ཕྱག་ལས་གནང་རྒྱུའི་ཐུགས་རེ་ཟབ་མོ་གནང་ཡོད།