བོད་ཡིག་དང་འབྲེལ་བའི་དཔེ་དེབ་སོགས་ཇུས་འགོད་བྱེད་སྟངས་སྐོར་གྱི་ཟབ་སྦྱོང་།
ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༦ ནས་ཟླ་༣ ཚེས་ ༤བར་ཏེ་བདུན་ཕྲག་གཅིག་གི་རིང་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་བོད་ཡིག་དང་འབྲེལ་བའི་དཔེ་དེབ་སོགས་ཇུས་འགོད་བྱེད་སྟངས་སྐོར་གྱི་ཟབ་སྦྱོང་ཞིག་དྷ་རམ་ས་ལའི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྐོང་འཚོགས་གནང་། ཟབ་སྦྱོང་འདིར་བལ་ཡུལ་དང་། རྒྱ་གར་ལྷོ་ཕྱོགས། ལྡི་ལི། དྷེ་ར་དྷུན། སིམ་ལ། བྷིར། དྷ་ས་བཅས་ཀྱི་དགོན་པ་གྲྭ་ཚང་དང་། གཞུང་འབྲེལ་གྱི་ལས་ཁུངས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་མིན་རྩོམ་སྒྲིག་ཁང་སོགས་ཁྱོན་གཞུང་འབྲེལ་ཡིན་མིན་ཅི་རིགས་ཀྱི་ཚོགས་སྡེ་མི་འདྲ་བ་བཞི་བཅུ་ལྷག་ནས་ཚོགས་ཞུགས་པ་བརྒྱད་ཅུ་ལྷག་མཉམ་ཞུགས་གནང་ཡོད།
དེ་ཡང་ཉིན་དང་པོའི་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁབ་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་དང་། ཟབ་སྦྱོང་ཚོགས་ཞུགས་པ་རྣམས་ཚང་འཛོམས་ཐོག་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོ་སྟབས་བདེ་ཞིག་དང་འབྲེལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་དང་། ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན། དེ་བཞིན་བདུན་ཕྲག་གཅིག་གི་རིང་ཟབ་སྦྱོང་སྤྲོད་སྟངས་སོགས་ངོ་སྤྲོད་ཞིབ་ཚགས་གནང་། དེ་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་ཟབ་སྦྱོང་དང་འབྲེལ་ཏེ། སྤྱིར་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། ལྷག་པར་དུ་བརྡ་འཕྲིན་བརྒྱུད་ལམ་དུ་བོད་ཀྱི་སྐད་ཡིག་དེ་བཞིན་གྲགས་ཆེའི་སྐད་ཡིག་གཞན་རྣམས་ཇི་བཞིན་གོམ་པ་མཉམ་བསྐྱོད་བྱེད་ཐུབ་རྒྱུར་ངེས་པར་དོ་སྣང་དང་འབད་བརྩོན་བྱེད་དགོས་པ་དང་། དེའི་གལ་ཆེའི་རང་བཞིན་སོགས་བཀའ་སློབ་གསུང་བཤད་གནང་། མཛད་སྒོ་གྲོལ་བ་དང་ཟབ་སྦྱོང་མཉམ་ཞུགས་པ་རྣམས་ཀྱི་དཔེ་དེབ་ཇུས་འགོད་ཀྱི་ལག་རྩལ་དང་སློབ་སྦྱོང་གི་ཚད་གཞི་མཐོ་དམན་སོགས་ལ་རྒྱུས་ལོན་བྱས་ཤིང་། སློབ་ཁྲིད་བྱེད་སྟངས་སོགས་ཀྱི་ཐད་ཚོགས་ཞུགས་པ་རྣམས་ཀྱི་བསམ་ཚུལ་བསྡུ་ལེན་བྱས། ཉིན་དེའི་ཕྱི་དྲོ་ནས་བཟུང་དེབ་གཟུགས་ཇུས་འགོད་བྱེད་སྟངས་ཀྱི་ཟབ་སྦྱོང་གི་སློབ་ཚན་དངོས་གཞི་འགོ་བཙུགས་ཏེ། དུས་ཡུན་བདུན་ཕྲག་གཅིག་གི་རིང་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དགེ་སློང་སྦྱིན་པ་ཡར་འཕེལ་གཉིས་ཀྱིས་ (Adobe InDesign CS3 )དང་ ( Adode InDesign CS6 )གཉིས་ཀྱི་ནང་སྤྱིར་བཏང་དཔེ་དེབ་དང་། བོད་དཔེ་སྣ་རིང་། དུས་དེབ། ཚགས་པར་སོགས་ཇི་ལྟར་ཇུས་འགོད་བྱེད་དགོས་མིན་གྱི་ཞིབ་ཕྲའི་སློབ་ཁྲིད་དང་། དེ་བཞིན་ (Adobe Digital Editions 2.0) ནང་འཕྲུལ་དེབ་བཟོ་འགོད་བྱེད་སྟངས། གཞན་ཡང་བོད་ཕྱི་ནང་གི་ཡིག་གཟུགས་གསར་རྙིང་མང་པོ་ཡོད་པ་རྣམས་བརྗེ་བསྒྱུར་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་ངོ་སྤྲོད་ཟབ་སྦྱོང་ཞིབ་ཚགས་གནང་ཡོད། ཟབ་སྦྱོང་ཉིན་མཐའ་མའི་ཕྱི་དྲོར་ཚོགས་མི་རེ་རེས་བདུན་ཕྲག་གཅིག་རིང་གི་ཟབ་སྦྱོང་དང་འབྲེལ་ནས་ཕན་ཐོགས་ཅི་བྱུང་དང་རང་ཉིད་ཀྱི་མྱོང་ཚོར་སོགས་ལྷུག་པོར་གསུངས། མཇུག་མཐར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་བའི་མཇུག་བསྡོམས་གཏམ་བཤད་གནང་སྟེ་ཐེངས་འདིའི་ཟབ་སྦྱོང་ལེགས་པར་གྲོལ།