སྨོན་ལམ་བརྡ་འཕྲིན་གྱིས་མིས་བཟོས་རིག་ནུས་དྲུང་ཡིག་གསར་བཟོ་བྱས་པ།
ཉེ་ཆར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་མིས་བཟོས་རིག་ནུས་དྲུང་ཡིག་ཅིག་གསར་བཟོ་བྱས་ཡོད། དྲུང་ཡིག་འདི་ནི་ཆེད་ལས་གསར་འགྱུར་རྩོམ་སྒྲིག་པ་ཞིག་ཡིན་པ་དང་། ཐོག་མར་གསར་འགྱུར་གྱི་རྒྱུ་ཆའི་གནས་ཚུལ་སྙིང་བསྡུས་ཤིག་རིག་ནུས་དེར་མཁོ་སྤྲོད་བྱས་ན་དེ་མུར་རྒྱལ་སྤྱིའི་གསར་འགྱུར་རྩོམ་འབྲིའི་འགྲོ་ལུགས་ལྟར་ཚད་ལྡན་གྱི་གསར་འགྱུར་ཞིག་འབྲི་རྩོམ་ཐུབ་ལ། གཤམ་གསལ་གསར་འགོད་ཀྱི་ཁྱད་ཆོས་འདི་དག་ལྟར་འཕྲལ་དུ་རྩོམ་སྒྲིག་བྱེད་ཐུབ་ངེས་ཡིན།
- ཁ་བྱང་།: གནས་ཚུལ་ཁ་གསལ་པོ་དང་གནད་ལ་འཁེལ་བ།
- མགོ་བརྗོད།: གསར་འགྱུར་གྱི་གནད་དོན་དྲུག་ (སུ་དང་། གང་། ནམ་ཞིག གང་དུ། ཅིའི་ཕྱིར། ཇི་ལྟར་བཅས་) ལ་ལན་བཏབ་ནས་འགོ་འཛུགས་པ།
- ནང་དོན།: གནས་ཚུལ་གལ་ཆེ་ཆུང་གི་རིམ་པ་ལྟར་བཀོད་སྒྲིག་བྱེད་པ།
- ལུང་འདྲེན།: ཡིད་རྟོན་རུང་བའི་རྟེན་ཁུངས་ ༢ ནས་ ༣ བར་འགོད་པ།
- རྒྱབ་ལྗོངས།: དགོས་ངེས་ཀྱི་རྒྱབ་ལྗོངས་གནས་ཚུལ་མཁོ་འདོན་བྱེད་པ།
- མཇུག་བསྡུ།: མ་འོངས་པའི་ཕྱོགས་ལ་ལྟ་བའི་སྡོམ་ཚིག་འགོད་པ།
རིག་ནུས་དྲུང་ཡིག་འདིས་མ་འོངས་པར་གསར་འགྱུར་མཁོ་སྒྲུབ་ལ་མགྱོགས་མྱུར་ལྡན་ཞིང་། འགྲོ་སྟངས་གཅིག་གྱུར་གྱི་ལམ་དུ་བསྐྱོད་ཐུབ་པའི་ཚད་ལྡན་གྱི་ཞབས་ཞུ་མཁོ་སྤྲོད་བྱས་ཏེ་གསར་འགྱུར་ལས་རིགས་བྱིངས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།
འདིའི་སྐོར་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། རིག་ནུས་དྲུང་ཡིག་འདིས་གསར་འགྱུར་རྩོམ་སྒྲིག་བྱེད་པའི་དུས་ཚོད་དང་འགྲོ་གྲོན་ཆེན་པོ་བསྲི་ཚགས་བྱེད་ཐུབ་པར་མ་ཟད། གསར་འགྱུར་གྱི་སྤུས་ཚད་ཀྱང་མཐོ་རུ་གཏོང་ཐུབ། ཅེས་གསུངས་སོ།།