སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བདུན་པ།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༢ ཚེས་ ༢༨ ནས་ ཟླ་ ༣ ཚེས་༡ བར་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བདུན་པ་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཚོགས་ཡོད། ཚོགས་འདུའི་སྐུ་མགྲོན་གཙོ་བོར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་སྐུའི་གསུང་སྒྱུར་བ་དགེ་བཤེས་ལྷག་རྡོར་ལགས་ཕེབས་པ་དང་། དེ་མིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ཚིག་མཛོད་རྩོམ་སྒྲིག་པའི་སྐུ་ཚབ་རྣམ་པ་དང་གསར་འགོད་པ་རྣམ་པ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་མཛད་སྒོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་དང་། ཚིག་མཛོད་ཀྱི་ཁྱབ་ཚད། ཚིག་མཛོད་ཀྱི་དགོས་པ་དང་དམིགས་ཡུལ། བེད་སྤྱོད་གཏོང་ཕྱོགས། འདས་པའི་ལོ་ངོ་དྲུག་གི་གྲུབ་འབྲས། མ་འོངས་པའི་ལས་འཆར། ཚིག་མཛོད་རྩོམ་སྒྲིག་སྐབས་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་སོགས་ཀྱི་ཐད་ནས་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་ཡོད།
ཐེངས་འདིའི་སྐུ་མགྲོན་གཙོ་བོ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་སྐུའི་གསུང་སྒྱུར་བ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་འདིར་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད་སྐོར་དང་། བོད་མི་རིགས་རིག་གཞུང་དང་བཅས་གནས་མི་གནས་ཀྱི་མཚམས་འདིར་ཚིག་མཛོད་ཀྱི་ལས་དོན་འདི་རླབས་ཆེན་ཞིག་ཆགས་ཡོད་པ། ནང་པའི་རིག་གཞུང་ནང་གཏིང་ཟབ་པའི་ལྟ་གྲུབ་ཀྱི་ཚིག་ཁག་ལ་འགྲེལ་བཤད་སྤུས་དག་པོ་རྒྱག་དགོས་པའི་གལ་ཆེན་རང་བཞིན། སྤྱིར་བཏང་རྒྱུན་སྤྱོད་ཀྱི་གལ་ཆེའི་ཐ་སྙད་དག་ལ་འགྲེལ་བརྗོད་གསལ་པོ་དགོས་པའི་སྐུལ་མ། དོན་གཅིག་མིང་གི་རྣམ་གྲངས་ཞིབ་དབྱེ། ཐ་སྙད་ཀྱི་འབྱུང་ཁུངས་སོགས་ཞིབ་འཇུག་དགོས་གལ་ཆེ་བ། དེ་མིན་ནུབ་ཕྱོགས་ཀྱི་རིག་གཞུང་ཤ་གཟུག་ཟ་རྐྱང་ཙམ་མིན་པར་དགོས་པའི་ལེགས་ཆ་བླངས་ཏེ། མུ་མཐུད་དུ་ཚིག་མཛོད་ཀྱི་ལས་གཞི་འདི་རྒྱུན་འཁྱོངས་བྱས་ནས་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད།གཞན་ཡང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་བོད་ཀྱི་ཚིག་མཛོད་རིག་པའི་སྤྱི་སྒྲོམ་ངོ་སྤྲོད་དང་འབྲེལ། ཚིག་མཛོད་སྒྲིག་པའི་ཐབས་ལམ། བརྡ་སྤྲོད་དང་བརྡ་ཆད་ཀྱི་དབྱེ་བའི་གལ་ཆེན་རང་བཞིན། ཐ་སྙད་ཀྱི་འབྱུང་ཁུངས་དང་བརྡ་རྙིང་། སྤྱོད་སྒོ་སོགས་ཀྱི་ཁྱད་ཆོས་རྣམས་ངོ་སྤྲོད་ཞིབ་གསལ་གནང་ཡོད། ཚོགས་འདུའི་དངོས་གཞིར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་དང་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཉིས་ཀྱིས་ཚིག་མཛོད་རྩོམ་སྒྲིག་སྐབས་མཉེན་ཆས་ནང་གི་དཀའ་ཁག་སེལ་ཐབས་དང་། མཉེན་ཆས་བེད་སྤྱོད་བྱེད་ཕྱོགས། དེ་མིན་རྩོམ་སྒྲིག་པ་རྣམ་པས་ཚིག་མཛོད་རྩོམ་སྒྲིག་སྐབས་དུས་རྒྱུན་མ་ཚིག་ལེན་སྟངས། བརྡ་སྤྲོད་དང་བརྡ་ཆད་ཀྱི་དབྱེ་བ་དགར་སྟངས། འགྲེལ་བཤད་ཀྱི་ཚད་གཞི། རྩོམ་སྒྲིག་པ་གསར་རྙིང་བརྗེ་སྒྱུར་སོགས་ཀྱི་དཀའ་ཁག་དང། འབྲེལ་ཡོད་སྡེ་ཚན་གྱི་འཛིན་སྐྱོང་ཁག་ལ་འཕྲད་པའི་དཀའ་ངལ་སོགས་ལ་གདོང་ལེན་བྱེད་ཕྱོགས་ཐད་ནས་དྲི་བ་དྲིས་ལན་དང་བགྲོ་གླེང་ལྷུག་པོར་གནང་ཡོད། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་རྣམ་པས་ལོ་གཅིག་གི་ནང་ལ་རྩོམ་སྒྲིག་བྱས་ཟིན་པའི་ཐ་སྙད་རྣམས་བསྡུ་ལེན་བྱས་ཤིང་། རྩོམ་སྒྲིག་སྡེ་ཚན་སོ་སོའི་སྐུ་ཚབ་རེས་ཐ་སྙད་རྩོམ་སྒྲིག་གི་ཉམས་མྱོང་དང་དཀའ་ངལ། མ་འོངས་པའི་ལས་འཆར་སོགས་ཀྱི་སྐོར་ནས་གཏམ་བཤད་བྱས་ཡོད།
ཐེངས་འདིར་རྩོམ་སྒྲིག་པ་རྣམ་པས་གྲོས་ཆོད་དོན་ཚན་གསུམ་གྲོས་བསྡུར་གྱི་ལམ་ནས་གཏན་འབེབས་བྱས་ཡོད། ༡ རྩོམ་སྒྲིག་པ་མི་སྒེར་གྱི་མིང་ཐོག་ནས་ལོ་རྒྱུས་དང་ཆོས་ལུགས། ལྟ་གྲུབ་བཅས་ཀྱི་ཐ་སྙད་བསྡུ་ལེན་མི་བྱེད་པར་རྩོམ་སྒྲིག་སྡེ་ཚན་གང་རུང་གི་མིང་ཐོག་ནས་བསྡུ་རྒྱུ་དང་། དེ་ལ་ངེས་པར་དུ་རྩོམ་སྒྲིག་སྡེ་ཚན་དེས་འགན་འཁུར་དགོས། ༢ རྩོམ་སྒྲིག་སྡེ་ཚན་རེ་ནས་མ་ཚིག་ཐ་སྙད་སུམ་སྟོང་རྩོམ་སྒྲིག་བྱས་མེད་ཚེ་ཚིག་མཛོད་ཐོན་རིམ་གསུམ་པའི་ནང་ལ་རྩོམ་སྒྲིག་པའི་མིང་འགོད་རྒྱུ་མིན། ༣ ལོ་རྗེས་མའི་བགྲོ་གླེང་སྐབས་རྩོམ་སྒྲིག་སྡེ་ཚན་ཁག་བགོས་ཀྱིས་ཚིག་མཛོད་རིག་པའི་སྐོར་གྱི་ རྩོམ་སྒྲིག་བྱེད་ཕྱོགས་ལ་གཏམ་བཤད་གནང་རྒྱུ་དང་། དེ་ཡང་འདི་ག་དབུས་ལས་ཁུངས་ནས་གཏམ་བཤད་པ་སུ་ཡིན་ཚོགས་འདུའི་སྔོན་གྱི་བདུན་ཕྲག་གཅིག་གི་ནང་ལ་གོ་སྒྲིག་བྱ་རྒྱུ། མཇུག་མཐར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས་ཐེངས་བདུན་པའི་ཚོགས་འདུ་དང་འབྲེལ་བའི་མཇུག་བསྡོམས་གསུང་བཤད་གནང་སྟེ། ཐེངས་འདིའི་ཚོགས་འདུ་ལེགས་པར་གྲོལ།