སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་དྲུག་པ།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༣ ཚེས་ ༡༢ ནས་ ༡༣ བར་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་དྲུག་པ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་ཚོགས་ཁང་དུ་ཚོགས་ཤིང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་སྨིན་སྣང་མཛེས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཕེབས་ཡོད། དེ་མིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ཚིག་མཛོད་རྩོམ་སྒྲིག་པའི་སྐུ་ཚབ་རྣམ་པ་དང་གསར་འགོད་པ་རྣམ་པ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད། ཚོགས་འདུའི་མཛད་སྒོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་དང་། ཚིག་མཛོད་ཀྱི་ཁྱབ་ཚད། ཚིག་མཛོད་ཀྱི་དགོས་པ་དང་དམིགས་ཡུལ། བེད་སྤྱོད་གཏོང་ཕྱོགས། འདས་པའི་ལོ་ངོ་དྲུག་གི་གྲུབ་འབྲས། མ་འོངས་ཀྱི་ལས་འཆར་སོགས་ཀྱི་ཐད་ནས་ངོ་སྤྲོད་གསུང་བཤད་གནང་། སྐུ་མགྲོན་གཙོ་བོ་ཆོས་དོན་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་གཞི་རྒྱ་ཆེ་བའི་ལས་གཞི་འདི་ཁ་ཙམ་མིན་པར་སྤྱི་ལ་ཕན་པའི་ལས་གཞི་རླབས་ཆེན་ཞིག་ཡིན་པའི་བསྔགས་བརྗོད་དང་འབྲེལ། སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞིར་གདེང་འཇོག་བྱས་ཤིང་། མུ་མཐུད་དུ་ལས་གཞི་འདི་རྒྱུན་འཁྱོངས་དགོས་པའི་གསུང་བཤད་གནང་། མཛད་སྒོའི་མཇུག་མཐར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་འགན་འཛིན་གཞོན་པ་ཐེ་བོ་ཤེས་རབ་རྒྱ་མཚོས་མཛད་སྒོའི་མཇུག་སྡོམ་དང་འབྲེལ་བའི་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་སྐུ་མགྲོན་དང་ཚོགས་ཞུགས་པ་ལྷན་རྒྱས་དྲན་རྟེན་སྐུ་པར་བསྒྲོན་ནས་མཛད་སྒོ་ལེགས་པར་གྲོལ། གཞན་ཡང་ཚོགས་འདུའི་དངོས་གཞིར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་དང་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཉིས་ཀྱིས་ཚིག་མཛོད་རྩོམ་སྒྲིག་སྐབས་མཉེན་ཆས་ནང་གི་དཀའ་ཁག་སེལ་ཐབས་དང་། མཉེན་ཆས་བེད་སྤྱོད་བྱེད་ཕྱོགས། དེ་མིན་རྩོམ་སྒྲིག་པ་རྣམ་པས་ཚིག་མཛོད་རྩོམ་སྒྲིག་སྐབས་དུས་རྒྱུན་མ་ཚིག་ལེན་སྟངས། བརྡ་སྤྲོད་དང་བརྡ་ཆད་ཀྱི་དབྱེ་བ་དགར་སྟངས། འགྲེལ་བཤད་ཀྱི་ཚད་གཞི། འཛིན་སྐྱོང་གི་དཀའ་ངལ། རྩོམ་སྒྲིག་པ་གསར་རྙིང་བརྗེ་སྒྱུར་སོགས་ཀྱི་དཀའ་ཁག་ལ་གདོང་ལེན་བྱེད་ཕྱོགས་ཐད་ནས་དྲི་བ་དྲིས་ལན་དང་བགྲོ་གླེང་ལྷུག་པོར་གནང་། དེ་མིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་རྣམ་པས་ལོ་གཅིག་གི་ནང་ལ་རྩོམ་སྒྲིག་ཟིན་པའི་ཐ་སྙད་རྣམས་བསྡུ་ལེན་བྱས་ཡོད། གཞན་ཡང་ཚོགས་ཐེངས་འདིར་རྩོམ་སྒྲིག་པ་རྣམ་པས་གྲོས་ཆོད་དོན་ཚན་གསུམ་གྲོས་བསྡུར་གྱི་ལམ་ནས་གཏན་འབེབས་བྱས་ཡོད། དོན་ཚན་དང་པོ། ཚིག་མཛོད་རྩོམ་སྒྲིག་བྱེད་མཁན་སུ་ཞིག་ཡིན་ཡང་མ་མཐའ་ལོ་གཅིག་གི་རིང་ལ་ཚིག་མཛོད་རྩོམ་སྒྲིག་གི་ལས་ཀ་བྱས་མེད་ན་རྩོམ་སྒྲིག་པའི་ཁོངས་སུ་མི་བརྩི་རྒྱུ་བྱས་ཡོད་པ་དང་། ལོ་གཅིག་དང་། ལོ་གསུམ། ལོ་དྲུག ལོ་དགུའི་རིང་བྱས་པ་ཡིན་ན་རིམ་བཞིན་ལོ་མང་ཉུང་ལ་དཔག་པའི་མིང་ཐོབ་གསར་དུ་གཏན་འཁེལ་བཟོ་རྒྱུ་དང་། ཕྱག་འཁྱེར། གསོལ་རས་རིམ་པར་གཏན་འབེབས་ཀྱིས་འབུལ་རྒྱུ། དོན་ཚན་གཉིས་པ། རྩོམ་སྒྲིག་ཁང་ཁག་ནས་ཉམས་མྱོང་ལོ་མང་བསགས་པའི་རྩོམ་སྒྲིག་པ་རྒན་པ་རྣམས་རིམ་པ་བྱས་ནས་དབུས་རྩོམ་སྒྲིག་ཁང་དུ་ཕེབས་ནས་མ་མཐའ་ཡང་ཟླ་བ་གཅིག་གམ་ཡང་ན་ཟླ་ཤས་རིང་ཕྱག་ལས་གནང་གཏན་ཁེལ་བ། དོན་ཚན་གསུམ་པ། དབུས་རྩོམ་སྒྲིག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ད་ལོའི་དུས་ཚོད་ལ་ལྟོས་ཏེ་རྩོམ་སྒྲིག་སྡེ་ཚན་ཁག་ཏུ་ཕྱོགས་ཕེབས་གནང་ཨེ་ཐུབ་བལྟ་རྒྱུ་བཅས་ཡིན། མདོར་ན་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཉིན་གཉིས་ཀྱི་རིང་ལ་ཆོས་བརྒྱུད་ཁག་ནས་ཕེབས་པའི་ཚིག་མཛོད་རྩོམ་སྒྲིག་པ་རྣམ་པས་ཚིག་མཛོད་རྩོམ་སྒྲིག་སྐབས་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་ལ་ཕན་ཚུན་བསམ་བློ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས། གྲོས་བསྡུར་སོགས་དོ་སྣང་ཆེན་པོ་བྱས་ཏེ། སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ལ་སྔར་ལས་ལྷག་པའི་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པར་བྱས། མཐར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོར་ཤུགས་ལྡན་པའི་ངང་ནས་ཆོས་ལུགས་གྲུབ་མཐའ་ཁག་མཐུན་སྒྲིལ་དམ་ཚིག་བརྟན་པོ་ཡོང་བ་དང་། ལྷག་པར་ཏུ་སྨོན་ལམ་ཚིག་མཛོད་ཆེན་མོའི་མཉམ་ལས་ཀྱི་ལས་གཞི་འདིར་ཚང་མས་དཀའ་ངལ་གདོང་ལེན་གྱིས་མཉམ་ཏུ་འབད་པ་བྱས་ཏེ། རྒྱུན་བསྲིང་དགོས་པའི་གལ་གནད་སྐོར་གྱི་མཇུག་སྡོམ་གསུང་བཤད་གནང་སྟེ་ཚོགས་འདུ་ཡོངས་སུ་གྲོལ་ལོ། །