སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་ལྔ་པ་ལེགས་པར་གྲུབ།
ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ཚེས་ ༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུའི་ཐོག་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་ལྔ་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས།
སྨོན་ལམ་ཚིག་མཛོད་ཆེན་མོ་ལོ་དགུའི་ལས་གཞི་ལག་བསྟར་བྱས་ནས་ད་བར་ལོ་ལྔ་ཕྱིན་པ་དང་། ལོ་རེ་བཞིན་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་སྐོང་འཚོགས་གནང་མུས་ཡིན་པ་ལྟར། ཐེངས་འདིར་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་གྱི་སྐུ་ཚབ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་མཆོག་དང་། རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ཚིག་མཛོད་རྩོམ་སྒྲིག་པ་རྣམ་པ། དེ་མིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་བཅས་ཚང་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་གནང་།
སྐབས་དེར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་སྐོར་ངོ་སྤྲོད་གནང་དོན་དུ། ཆོས་ལུགས་གྲུབ་མཐའ་ཁག་དང་མཉམ་འབྲེལ་གྱི་ཚིག་མཛོད་རྩོམ་སྒྲིག་གི་ལས་གཞི་འདི་ཧ་ཅང་གལ་ཆེན་པོ་ཡིན་ལ། ང་ཚོས་ལོ་དགུ་ཅན་གྱི་ལས་གཞི་འདི་ལག་བསྟར་བྱས་ནས་འདས་པའི་ལོ་ལྔའི་རིང་གི་གྲུབ་འབྲས་གཙོ་བོ་ཞིག་ནི་ཚིག་མཛོད་ཆེན་མོ་ཐོན་རིམ་དང་པོ་དངོས་སུ་བོད་ཕྱི་ནང་གི་སྤྱི་ཚོགས་སུ་བཀྲམ་ཐུབ་ཡོད་པར་མ་ཟད། ཚིག་མཛོད་ཆེན་མོའི་མ་ཚིག་རྒྱ་བསྒྱུར་གྱི་ལས་གཞི་ཡང་མགོ་བཙུགས་ཟིན་པ་ཡིན། དེར་བརྟེན་ལས་གཞི་འདི་མུ་མཐུད་ནས་རྒྱུན་འཁྱོངས་དགོས་པར་རང་གཞན་གཉིས་ནས་འབད་འབུངས་དགོས་གལ་ཆེ་སྐོར་སོགས་གསུངས།དམིགས་བསལ་སྐུ་མགྲོན་ཤེས་རིག་བཀའ་བློན་གྱི་སྐུ་ཚབ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་མཆོག་གིས། སྤྱིར་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གིས་གསར་བཟོ་གནང་བའི་སྨོན་ལམ་བོད་ཡིག་དང་སྨོན་ལམ་ཐུན་མོང་སྐད་གདངས། སྨོན་ལམ་ཚིག་མཛོད་སོགས་ཀྱིས་བོད་སྐད་ཡིག་ལ་བྱས་རྗེས་ཆེན་པོ་བཞག་དང་འཇོག་བཞིན་པར་རྗེས་སུ་ཡི་རང་དང་འབྲེལ། ལྷག་པར་ཚིག་མཛོད་ཆེན་མོའི་ལས་གཞི་འདི་ཧ་ཅང་གལ་ཆེ་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་དང་བོད་ཡིག་སྦྱོང་མཁན་ཚང་མར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པས་མུ་མཐུད་ནས་འབད་བརྩོན་གནང་རྒྱུར་རེ་བ་ཡོད་ཅེས་སོགས་གསུངས་ནས་མཛད་སྒོ་ལེགས་པར་གྲོལ།
ཚོགས་འདུ་དངོས་གཞིའི་སྐབས་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས། ཚིག་མཛོད་ཀྱི་རྩ་སྒྲོམ་ལས་བརྡ་ཆད་ཀྱི་ཚད་གཞིའི་སྐོར་ལ་དམིགས་བཀར་གྱིས་ཟབ་སྦྱོང་གནང་ཤིང་། རྩོམ་སྒྲིག་པ་རྣམ་པས་དོགས་འདྲི་དང་བགྲོ་གླེང་། བསམ་ཚུལ་འདོན་པ་སོགས་བྱས།
ཉིན་གཉིས་པར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་རྣམས་ཀྱིས་ལོ་གཅིག་གི་རིང་རྩོམ་སྒྲིག་གནང་ཟིན་པ་དག་བསྡུ་ལེན་བྱས་པ་དང་། ཚིག་མཛོད་རྩོམ་སྒྲིག་པ་རེ་རེས་ཚིག་མཛོད་དང་འབྲེལ་བའི་གཏམ་བཤད་དང་། བྱ་བའི་སྙན་ཞུ། ལས་ཀའི་ཉམས་མྱོང་དང་། མ་འོངས་ལས་འཆར། དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སོགས་ནས་གླེང་སློང་བྱས། དེ་རྗེས་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་རིག་པའི་སྤྱི་སྒྲོམ་ངོ་སྤྲོད་དང་། དྲི་བ་དྲིས་ལན་བཅས་གནང་། ཉིན་གཉིས་པའི་ཕྱི་དྲོར་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚིག་མཛོད་དང་འབྲེལ་བའི་དམིགས་ཡུལ་དང་ཁྱབ་ཚད། གནས་སྟངས། མཉེན་ཆས་བཀོལ་སྤྱོད་བྱེད་ཐབས་སོགས་ངོ་སྤྲོད་བྱས་ཤིང་། རྩོམ་སྒྲིག་པ་རྣམས་ཀྱིས་དོགས་འདྲི་དང་བསམ་ཚུལ་འདོན་པ། བགྲོ་གླེང་སོགས་བྱས། མཇུག་མཐར་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་ཡོངས་ཀྱིས་ཚིག་མཛོད་ཀྱི་ལས་གཞི་འདི་མུ་མཐུད་ནས་ལེགས་འགྲུབ་ཡོང་བར་འབད་བརྩོན་ལྷོད་མེད་གནང་རྒྱུ་དང་། ཕན་ཚུན་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས། དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས། དེ་མིན་མ་འོངས་ལས་འཆར་སོགས་ལ་མུ་མཐུད་མཉམ་འབྲེལ་གྱིས་ལམ་ཁ་འདི་ནས་རང་གཞན་ཚང་མས་གཅིག་ཕན་གཅིག་གྲོགས་དགོས་གལ་སོགས་མཇུག་བསྡོམས་གཏམ་བཤད་གནང་སྟེ་ཐེངས་འདིའི་ཚོགས་འདུ་ཡོངས་སུ་གྲོལ།