སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བཞི་པ།
ཕྱི་ལོ་ ༢༠༡༦ ལོའི་ཟླ་༣ ཚེས་ ༣༡ ནས་ཕྱི་ཟླ་ ༤ བའི་ཚེས་ ༡ བར་ཉིན་གཉིས་རིང་རྡ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་བྱས་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བཞི་པ་ཚོགས།
ཚོགས་འདུའི་དབུ་འཛུགས་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཙོས་སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་སྡེ་ཚན་ ༢༠ ཡི་རྩོམ་སྒྲིག་པ་རྣམས་མཉམ་ཞུགས་གནང་།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་དང་འབྲེལ་བའི་ངོ་སྤྲོད་གཏམ་བཤད་གནང་དོན། སྨོན་ལམ་ཚིག་མཛོད་ཆེན་མོ་ནི་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་མཐུན་འགྱུར་འོག་ལོ་དགུའི་རིང་གི་ལས་འཆར་ཞིག་ཡིན་ཞིང་། ཆོས་བརྒྱུད་སོ་སོའི་ཁོངས་ནས་རྩོམ་སྒྲིག་མི་སྣ་ཆེད་འཛུགས་ཀྱིས་ལོ་གསུམ་རིང་རྩོམ་སྒྲིག་བྱས་པའི་གྲུབ་དོན་དུ་ཐ་སྙད་ཆིག་འབུམ་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དེ་ཉེ་ཆར་བཀྲམས་ཟིན་པ་དེ་ཡིན། ད་དུང་མུ་མཐུད་དུ་ཀློག་པ་པོའི་བསམ་ཚུལ་བསྡུ་ལེན་ཐོག་དགོས་ངེས་ཀྱི་བསྐྱར་བཅོས་ཡང་བཅོས་གང་ལེགས་བྱས་ཏེ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། ཇེ་བཟང་ཇེ་ལེགས་སུ་བཅོས་སྒྲིག་བྱེད་འཆར་ཡོད་པ་སོགས་གསུངས།
ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས། སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་འདི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་དགོས་གལ་ཆེ་བ་དང་། སྔར་གྱི་ཚིག་མཛོད་བྱུང་རིམ་དང་དཀའ་ཁག ད་ལྟའི་སྐབས་ཀྱི་གསར་གཏོད་ཀྱི་གལ་ཆེན་རང་བཞིན་སོགས་ནས་ལམ་སྟོན་བཀའ་སློབ་གནང་།
ཉིན་གཉིས་ཀྱི་ཚོགས་འདུའི་རིང་རྩོམ་སྒྲིག་པ་རྣམ་པར་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚིག་མཛོད་ཀྱི་མཉེན་ཆས་གསར་པ་ངོ་སྤྲོད་བྱས་ཤིང་། སྨོན་ལམ་བོད་ཡིག་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ནས་ཆོས་བརྒྱུད་ཁག་གིས་མ་ཚིག་ལེན་སྟངས་དང་། འགྲེལ་བཤད་རྒྱག་སྟངས། སྤྱིར་བརྡ་སྤྲོད་དང་འབྲེལ་བའི་ལམ་སྟོན་དང་དྲི་བ་དྲིས་ལན་སོགས་བྱས། རྩོམ་སྒྲིག་པ་རྣམས་ཀྱིས་ཀྱང་ཉིན་གཉིས་ཀྱི་རིང་དུས་ཚོད་དམ་འཛིན་ཐོག བརྡ་སྤྲོད་དང་མཉེན་ཆས་ཕྱོགས་ནས་དོགས་འདྲི་གང་མང་བྱས་ཤིང་རྩོམ་སྒྲིག་པ་ནང་ཁུལ་ལ་ཕན་ཚུན་བསམ་བློ་བརྗེ་རེས་བྱས།
ཉིན་མཐའ་མའི་ཕྱི་དྲོར་ཚོགས་མི་རང་རང་གིས་ཚོགས་འདུ་དང་འབྲེལ་བའི་མྱོང་ཚོར་དང་ཚིག་མཛོད་རྩོམ་སྒྲིག་དང་གོ་སྒྲིག་བྱེད་ཕྱོགས་ཐད་ལ་བསམ་ཚུལ་གང་མང་བཏོན་པ་དང་། མཇུག་མཐར་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོགས་མི་རེ་རེས་དྲི་བར་ལན་བཏབ་ཅིང་། མ་འོངས་པའི་བྱ་བའི་ཐད་ལ་མི་རེ་རེའི་རང་ངོས་ནས་འགན་ཁུར་ཡོད་པའི་སྒོ་ནས་འབད་པ་བྱེད་རྒྱུ་དང་། ལས་གཞི་འདི་ནི་མི་སྒེར་གྱི་ལས་གཞི་ཙམ་མ་ཡིན་པར་ང་ཚོ་ཐུན་མོང་གི་ལས་གཞི་ཞིག་ཡིན་པས། མི་ཚེའི་བྱ་བར་གྲུབ་འབྲས་ཐོན་མིན་ནི་རང་ཉིད་ཀྱི་འབད་པར་རག་ལས་ཡོད། ཅེས་མཇུག་བསྡོམས་ཀྱི་གཏམ་བཤད་གནང་སྟེ་ཚོགས་འདུ་ལེགས་པར་གྲོལ།