རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༤ ཐོག་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད་དང་འབྱུང་འགྱུར་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་བགྲོ་གླེང་ལྷུག་པོ་བྱུང་།

  • སྨོན་ལམ་ཚིག་མཛོད་ཆེན་མོ་ནི་མ་ཚིག་ཐ་སྙད་ཆིག་འབུམ་བདུན་སྟོང་ལྷག་ལས་གྲུབ་ཅིང་། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་འགྲོས་དང་བསྟུན་ཞིང་། དེང་རབས་མཉེན་ཆས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་ཚིག་མཛོད་ཆེན་མོ་ཞིག་ཡིན།
  • ཚིག་མཛོད་ཆེན་མོ་འདིས་ཁ་པར་དང་གློག་ཀླད་སོགས་བརྒྱུད་ནས་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་ལ་ཞབས་འདེགས་ཞུ་བཞིན་ཡོད།
  • ལས་གཞི་འདི་རྩ་བ་བྱས་པའི་བོད་ཀྱི་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་དགོས་རྒྱུ་ནི་རྩ་བའི་གནད་དོན་གལ་ཆེན་ཞིག་རེད།

ད་ལམ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༤ པའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་དམིགས་བསལ་ཚོགས་ཆུང་ཟུར་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཚིག་མཛོད་རིག་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱས། དེ་ཡང་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༦ ཚེས ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ དང་སྐར་མ་ ༡༥ ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དེང་རབས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཉེན་ཆས་ཚིག་མཛོད་སྒྲིག་སྟངས་དང་། ཆུ་ཚོད་ ༣ དང་སྐར་མ་ ༤༥ ནས་རྩོམ་སྒྲིག་པ་སྨིན་སྣང་མཛེས་ཀྱིས་རྒྱུན་སྤྱོད་ཐ་སྙད་ཀྱི་གལ་ཆེའི་རང་བཞིན་སྐོར་ནས་རྩོམ་ཡིག་སྒྲོག་སྦྱངས་གནང་།

སྐབས་དེར་བོད་ཕྱི་ནང་གཉིས་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་། ཉམས་ཞིབ་པ། སློབ་ཆེན་སློབ་མ་དང་། གཞན་ཡང་བཙན་བྱོལ་དང་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་བོད་རིག་པ་བ་མང་པོ་འཛོམས་ཤིང་། ཚོགས་ཐོག་ཏུ་བོད་དབྱིན་གཉིས་ལས་གྲུབ་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ངོ་སྤྲོད་ཀྱི་དེབ་དང་། བརྡ་སྤྲོད་ཀྱི་དབྱེ་བ་དང་བརྡ་ཆད་ཀྱི་དབྱེ་བའི་བསམ་ཤོག་ཁག་གཉིས་འགྲེམས་སྤེལ་བྱས། བསམ་ཤོག་འདི་བརྒྱུད་ནས་འདི་ག་བརྡ་འཕྲིན་ཁང་གིས་བརྡ་སྤྲོད་དང་བརྡ་ཆད་ཀྱི་དབྱེ་བ་གཅིག་གྱུར་རང་བཞིན་ཅན་ཞིག་ཏུ་འགྱུར་བར་འབད་བརྩོན་དང་རེ་བ་བྱེད་བཞིན་ཡོད།

དེ་ཡང་བོད་ནང་ནས་ཕེབས་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་འགན་འཛིན་སྐ་བ་ཤེས་རབ་བཟང་པོས་གཙོས་པའི་བོད་ནང་གི་དགེ་རྒན་ཆེན་མོ་རྣམ་པ་དང་། བཙན་བྱོལ་དང་ཕྱི་རྒྱལ་ཁག་ནས་ཕེབས་པའི་ཉམས་ཞིབ་པ་ཆུང་ཚེ་རིང་ལགས་དང་བསྟན་འཛིན་ནོར་བུ་ལགས་གཙོས་པའི་ཚོགས་ཞུགས་པ་རྣམས་ཀྱིས་བསམ་ཚུལ་གང་མང་གནང་བ་དང་། ནུབ་ཕྱོགས་ཀྱི་མཁས་དབང་ཆེན་མོ་ནེ་གོ་ལ་སུ་(Prof. Nicolas Tournadre)གཙོས་པའི་མཁས་དབང་རྣམ་པས་དགོངས་ཚུལ་དང་རྒྱབ་སྐྱོར་གནང་།

མཇུག་མཐར་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་བསམ་ཚུལ་གླེང་བ་དང་དྲི་བ་དྲི་ལན་བྱེད་པ་སོགས་བགྲོ་གླེང་ལྷུག་པོར་གནང་། ད་དུང་སྨོན་ལམ་ཚིག་མཛོད་ཀྱི་ལས་གཞི་འདིར་དགའ་མོས་དང་ལས་གཞི་རླབས་ཆེན་འདི་མུ་མཐུད་རྒྱུན་འཁྱོངས་དགོས་པའི་རེ་སྐུལ་ཞུ་མཁན་ཡང་མང་པོ་བྱུང་བར་མ་ཟད། ང་ཚོ་བོད་ལ་ཡང་གཅིག་གྱུར་རང་བཞིན་ལྡན་པའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་དགོས་གལ་ཆེ་སྐོར་གྱི་སྐོར་ནས་ཡང་གླེང་སློང་མང་དུ་བྱུང་།

གཉིས་པ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༤ པ་འདི་བརྒྱུད་ནས་ཚོགས་འདུའི་བར་གསེང་ཅི་ཡོད་ལ་ནུབ་ཕྱོགས་ཀྱི་མཁས་དབང་ཆེན་མོ་ནེ་གོ་ལ་སུ་(Prof. Nicolas Tournadre)་དང་ ཏེ་བེ་ཌི་ཅིར་མི་ནོ་(Prof. David F Germano) གཙོས་བོད་སྐད་ཡིག་དང་འབྲེལ་བའི་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཁག་གི་འགན་ཁུར་བ་རྣམས་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་འགན་འཛིན་སྐ་བ་ཤེས་རབ་བཟང་པོས་གཙོས་པའི་བོད་ཕྱི་ནང་གི་བོད་རིག་པའི་མཁས་པ་དང་དགེ་རྒན་ཆེན་མོ། སློབ་ཆེན་སློབ་མ་རྣམས་དང་ལྷན་དུ་ཟུར་མཇལ་གྱིས་སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་དང་། བོད་ལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་དགོས་གལ་གྱི་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན། ཕན་ཚུན་བསམ་བློ་བརྗེ་རེས་དང་གོ་རྟོགས་སྤེལ་རེས་བཅས་བྱས་པར་བརྟེན། འབྱུང་འགྱུར་ལས་གཞི་འདིའི་ཐོག་ལ་ཕན་ཚུན་རོགས་འདེགས་གང་ཐུབ་བྱ་རྒྱུའི་འབྲེལ་ལམ་ཡག་པོ་བཟོ་ཐུབ་ཡོད།

གསུམ་པ། རྒྱལ་སྤྱིའི་བོད་རིག་པའི་་ཚོགས་ཆེན་ཐེངས་ ༡༤ པའི་ལས་དོན་ཚོགས་འདུའི་སྐབས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཐེངས་འདིའི་ཚོགས་ཞུགས་པ་ཡོངས་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་དང་། བརྡ་སྤྲོད་དང་། བརྡ་ཆད་ཀྱི་དབྱེ་བ་དགར་སྟངས་སོགས་དེང་རབས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཉེན་ཆས་ཚིག་མཛོད་སྒྲིག་སྟངས་སྐོར་ནས་ངོ་སྤྲོད་ཞིབ་ཕྲ་བྱས་པར། ཚོགས་ཞུགས་པ་མང་པོ་ཞིག་གིས་དགའ་བསུ་དང་མཐོང་ཆེན་བྱས་ཏེ་ཟུར་མཇལ་གྱིས་རེ་སྐུལ་ཞུས་པ་སོགས། མདོར་ན་ཚོགས་ཆེན་འདིའི་ཐོག་ནས་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ལས་གཞི་འདིར་དགའ་མོས་དང་མཐོང་ཆེན། ཐུགས་ཁུར་གནང་མཁན་ཤིན་ཏུ་མང་བ་ནི་ང་ཚོ་ལས་མི་ཚོར་མཚོན་ན་ཡང་དགའ་འོས་པ་ཞིག་དང་། མུ་མཐུད་ནས་ལས་གཞི་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་སེམས་ཤུགས་དང་སྤོབས་པའི་གྲོགས་སུ་གྱུར་པ་ཞིག་ཀྱང་ཅིས་མ་ཡིན། དེར་བརྟེན་ཐེངས་འདིར་འཛམ་གླིང་ཤར་ནུབ་ནས་ཕེབས་པའི་བོད་རིག་པའི་མཁས་པ་རྣམ་པས་གཙོས་པའི་ལས་གཞི་འདིར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཚང་མར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།