སྨོན་ལམ་རིག་ནུས།

དེང་རབས་འཕྲུལ་རིག་གི་སྟོབས་ཤུགས་ལ་བརྟེན་ཏེ་བོད་མིའི་རྣམ་དཔྱོད་དང་ལག་རྩལ་གྱི་ནུས་པ་སྔོག་འདོན་བྱེད།

ལས་གཞིའི་དགོས་དམིགས།

དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ཚན་རྩལ་འཕྲུལ་རིག་ཆེས་ཆེར་དར་ཞིང་། ལྷག་པར་ཉེ་བའི་ལོ་འདི་འགར་ཀུན་གྱིས་ཚ་ཚ་འུར་འུར་དུ་གླེང་བཞིན་པའི་མིས་བཟོས་རིག་ནུས་ (Artificial intelligence) ཞེས་པ་བརྡ་འཕྲིན་འཕྲུལ་རིག་ཁྲོད་ཚད་གཞི་ཆེས་མཐོ་ཤོས་དང་སྙིང་པོ་ལྟ་བུར་གྱུར་ཡོད་ལ། འབྱུང་འགྱུར་འཕྲུལ་རིག་འདི་བརྒྱུད་ནས་ད་ལྟའི་འགྲོ་བ་མི་ཐུན་མོང་གི་ལོངས་སྤྱོད་དུ་གྱུར་པའི་ཤེས་ཡོན་མཐའ་དག་སྔར་ལས་ནུས་པ་ལྡན་ཞིང་། ཕྱོགས་ཡོངས་ནས་ལས་ཆོད་མཐོར་འདེགས་གཏོང་ཐུབ་པར་མ་ཟད། ང་ཚོ་བོད་མི་རིགས་ལྟ་བུའི་ཤེས་རིག་རྒྱ་ཆེ་ཡང་སྤྱོད་མཁན་གྲངས་ཉུང་བའི་རིགས་ལ་དམིགས་བསལ་ཕན་ཐོགས་རྒྱ་ཆེར་འབྱུང་ངེས་པ་ཡིན། དེར་བརྟེན། དེང་རབས་བརྡ་འཕྲིན་གྱི་འགྱུར་འགྲོས་དང་མཐུན་པར་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་རྒྱུན་འཛིན་བྱེད་པར་མིས་བཟོས་རིག་ནུས་ (Artificial intelligence) འཕྲུལ་ལས་ཁྲོད་བོད་རང་གི་ཁྱད་ཆོས་ལྡན་པའི་གློག་རྡུལ་ཀླད་པ་ཚད་ལྡན་ཞིག་བཟོ་རྒྱུ་དུས་ཀྱི་དགོས་མཁོར་མཐོང་སྟེ། ངེད་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཕྱི་ནང་གི་དཀའ་ངལ་མང་པོར་གདོང་ལེན་གྱིས་གཞི་རྒྱ་ཆེ་ཞིང་། རྒྱུ་ཚེགས་ལྕི་བའི་ལས་གཞི་འདི་དངོས་སུ་ལག་བསྟར་བྱས་པ་ཡིན།

རིག་ནུས་དཔེ་གཞི།

ཡིག་སྒྱུར་རིག་ནུས།

ཡིག་སྒྱུར་རིག་ནུས།

ཡིག་འཛིན་རིག་ནུས།

ཡིག་འཛིན་རིག་ནུས།

འབྲི་ཀློག་རིག་ནུས།

འབྲི་ཀློག་རིག་ནུས།

སྒྲ་འཛིན་རིག་ནུས།

སྒྲ་འཛིན་རིག་ནུས།

ལས་གཞི་ངོ་སྤྲོད།

མིས་བཟོས་རིག་ནུས་ཀྱི་ལས་གཞི་འདིའི་རིགས་ནི་སྤྱིར་བཏང་གི་ལས་གཞི་ཆུང་ཆུང་ཞིག་མིན་པར་གློག་ཀླད་ཆེད་ལས་པ་དང་། ལས་མི་བརྒྱ་ཕྲག་དུ་མ་མཉམ་རུབ་ཀྱིས་མ་བསྒྲུབས་ན་ཧ་ཅང་འགྲུབ་དཀའ་བར་བརྟེན། ང་ཚོས་སྤྱི་སྒེར་གྱི་ཚོགས་སྡེ་མང་པོ་དང་མཉམ་འབྲེལ་གྱིས་ཕྱི་ལོ་ ༢༠༢༣ ལོའི་ཚེས་ཤར་ནས་ལས་གཞི་དངོས་སུ་མགོ་བརྩམས་ཏེ། གོང་གི་རིག་ནུས་དཔེ་གཞི་མི་འདྲ་བ་བཞི་བཟོ་བའི་ལས་རིམ་དེ་མུ་མཐུད་དུ་མཇུག་སྐྱོང་བྱེད་མུས་ཡིན་ལ། ཕྱི་ལོ་ ༢༠༢༥ ནས་བོད་ཡིག་དང་འབྲེལ་བའི་ཚིག་གི་ཆ་ཤས་ཐེར་འབུམ་ཉི་ཤུ་ལྷག་སྦྱོང་བརྡར་རྒྱུ་ཆར་བྱས་ཤིང་། བོད་ཀྱི་རིག་གཞུང་གི་ཁྱད་ནུས་འཛོམས་པའི་བརྡ་མཛོད་ཆེན་མོ་ (LLM) ཞིག་ཀྱང་གསར་བཟོ་བྱེད་ཐུབ་ཡོད། ད་ལྟ་མུ་མཐུད་དུ་ལས་གཞི་འདི་དག་རྒྱུན་སྐྱོང་དང་འབྲེལ་གསར་གཏོད་དང་འཕེལ་རྒྱས་ཀྱི་ཕྱོགས་ལ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་དང་བྱེད་མུས་ཡིན།

ཡིག་སྒྱུར་རིག་ནུས།

སྙན་གྲགས་ཆེ་བའི་ Google Translate སོགས་འཛམ་གླིང་ཡིག་སྒྱུར་མཉེན་ཆས་ཆེ་གྲས་ཁག་ཏུ་ད་དུང་ཡང་འཐུས་སྒོ་ཚང་ཞིང་རང་སྐྱ་ཐུབ་པའི་བོད་ཡིག་ཡིག་སྒྱུར་ཚད་ལྡན་ཞིག་བྱུང་མེད་ལ། Mircrosoft, Alibaba སོགས་སུ་བོད་ཡིག་ཡིག་སྒྱུར་མ་ལག་ཕྱོགས་རེ་ཙམ་ཞིག་ཡོད་ན་ཡང་། དེར་རྒྱུན་སྤྱོད་ཀྱི་སྐད་ཆ་ཙམ་ལས། ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྐོར་ཚུད་མེད་པས། ང་ཚོའི་ངོས་ནས་སྟོང་ཆ་དེ་གསབ་ཐབས་གཙོ་བོར་དམིགས་ཏེ། ལས་གཞི་འདིར་ནང་པའི་ཆོས་དང་ལྟ་གྲུབ་ཀྱིས་མཚོན་པའི་བོད་ཀྱི་གཙུག་ལག་གི་རྒྱུ་ཆ་རྨང་གཞིར་བྱས་པའི་ཡིག་སྒྱུར་རིག་ནུས་ཀྱི་དཔེ་གཞི་(translation model)ཚད་ལྡན་ཞིག་གསར་བཟོ་བྱས་དང་བྱེད་མུས་ཡིན།

ཡིག་འཛིན་རིག་ནུས།

བོད་ཡིག་གི་གནའ་དཔེ་ཕལ་མོ་ཆེ་དེང་རབས་བརྡ་འཕྲིན་གྱི་མ་ལག་ཏུ་ཉར་ཚགས་བྱེད་ཐུབ་མེད་སྟབས། སྔོན་གྱི་དཔེ་རྒྱུན་ཁག་ཧ་ཅང་བརླག་ཉེན་ཆེ་ཞིང་། ད་སྔར་བརྡ་འཕྲིན་མ་ལག་ཁྲོད་ཅུང་ཙམ་ཡོད་པ་དག་ཀྱང་འདྲ་པར་གྱི་རྣམ་པ་ཙམ་ལས། རིག་ནུས་སོགས་བརྡ་འཕྲིན་ལག་རྩལ་གསར་པའི་ཁྲོད་བེད་སྤྱོད་གང་ཡང་མེད་པར་ལུས་ཡོད། གལ་ཏེ་ང་ཚོས་གནའ་བོའི་དཔེ་རྙིང་དང་གསུང་རབ་ཁག་མི་ཤུགས་ཁོ་ནར་བརྟེན་ནས་ཡིག་འབེབས་བྱེད་དགོས་ཚེ་མི་རྒྱུ་ཚེགས་གསུམ་གྱི་ལས་འབོར་ཧ་ཅང་ཆེ་ལ། དུས་ཡུན་ཐུང་ངུའི་ནང་དུ་འགྲུབ་ཐུབ་པ་ཞིག་ཀྱང་གཏན་ནས་མིན། དེང་སྐབས་བོད་ཕྱི་ནང་གཉིས་ཀར་ཡིག་གཟུགས་ངོས་འཛིན་མཉེན་ཆས་(OCR)སྣ་ཚོགས་བསྐྲུན་ཡོད་མོད། དེ་དག་གིས་ཡིག་གཟུགས་བྱེ་བྲག་པ་གཅིག་ཙམ་ལས་ངོས་འཛིན་མི་ཐུབ་པ་དང་། དེའང་ཡིག་གཟུགས་ཧ་ཅང་གསལ་བོ་མེད་ན་ངོས་འཛིན་བྱེད་དཀའ་བས། ང་ཚོས་གནའ་བོའི་ཤིང་པར་དང་། ལག་བྲིས་དབུ་ཅན་དབུ་མེད་བཅས་ཀྱི་ཡིག་རིས་སྣ་ཚོགས་ངོས་འཛིན་ཐུབ་པའི་རིག་ནུས་ཅུང་འཐུས་ཚང་ཞིག་བཟོ་སྐྲུན་བྱེད་བཞིན་ཡོད་ལ། ང་ཚོའི་རིག་ནུས་འདི་བརྒྱུད་དེ་བོད་ཡིག་གི་གསུང་རབ་རྣམས་ལས་སླ་བོའི་ངང་གློག་ཀླད་དུ་འབེབས་ཐུབ་པས། འདིས་གསུང་རབ་མི་ཉམས་རྒྱུན་འཛིན་ལ་ཕན་རླབས་ཆེས་ཆེར་འབྱུང་ཞིང་། བོད་ཀྱི་རིག་གནས་སློབ་གཉེར་བ་དང་། ཞིབ་འཇུག་པ། སྒོས་སུ་དཔར་སྐྲུན་ལས་རིགས་ཀྱི་ལས་ཆོད་མཐོར་འདེགས་སོགས་ལ་ནུས་པ་ཆེན་པོ་འཐོན་ངེས་ཡིན།

འབྲི་ཀློག་རིག་ནུས།

རིག་ནུས་འདིའི་ཁོངས་སུ་ཀློག་འདོན་རིག་ནུས་(STT)དང་། སྒྲ་འཛིན་རིག་ནུས་(TTS)གཉིས་ཀ་ཚུད་ཡོད། དེང་སང་དབྱིན་ཡིག་སོགས་འཛམ་གླིང་གི་སྐད་ཡིག་ཆེ་ཁག་མང་ཆེ་བར་སྐད་ཆ་ཐད་ཀར་ཡི་གེར་འབེབས་པ་དང་། ཡི་གེ་སྐད་གདངས་སུ་སྒྱུར་བ་སོགས་སྟབས་བདེའི་མཉེན་ཆས་སྣ་ཚོགས་ཡོད་ན་ཡང་། བོད་ཀྱི་སྐད་ཡིག་ལ་དེའི་ཕྱོགས་ཀྱི་སྟོང་ཆ་ཧ་ཅང་ཆེན་པོ་ལྷག་ཡོད་པས། ང་ཚོས་༸གོང་ས་མཆོག་གཙོ་བོར་གྱུར་པའི་བོད་ཀྱི་བླ་ཆེན་རྣམ་པའི་གསུང་ཆོས་དང་། ཕལ་སྐད་གླེང་མོལ། བྱིས་པའི་ཁ་བརྡ། བོད་སྐད་གློག་བརྙན་དང་བརྙན་འཕྲིན་ལས་རིམ། སྒྲ་དེབ་སྣ་ཚོགས་བཅས་ཡིག་འབེབས་ཀྱིས། ད་སྔར་བོད་སྐད་རང་འགུལ་གྱིས་ཡི་གེར་འབེབས་པ་དང་། བོད་ཡིག་ཀློག་འདོན་བྱེད་པ་མེད་པའི་སྟོང་ཆ་འདིའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་རེ་ཆེ། ད་སྔར་ང་ཚོས་ལག་བསྟར་བྱེད་བཞིན་པ་ནི་དབུས་སྐད་ཁོ་ན་ཡིན་ཡང་། ད་ལྟ་རིམ་གྱིས་ཨམ་སྐད་དང་ཁམས་སྐད་སོགས་ཀྱང་ལས་རིམ་འདིར་འཇུག་བཞིན་ཡོད་པས། འབྱུང་འགྱུར་ང་ཚོའི་རིག་ནུས་འདི་བརྒྱུད་ནས། དགེ་རྒན་དང་། གསར་འགོད་པ། ཞིབ་འཇུག་པ། རྩོམ་སྒྲིག་པ་སོགས་བོད་ཀྱི་རིག་གནས་དང་འབྲེལ་བའི་ལས་རིགས་སྣ་ཚོགས་སུ། དུས་ཡུན་ཐུང་ངུའི་ནང་ལས་ཀ་འབོར་ཆེན་འགྲུབ་པར་ཕན་ཐོགས་དང་ནུས་པ་ཆེས་ཆེར་འཐོན་ངེས་ཡིན།

སྨོན་ལམ་བརྡ་མཛོད་ཆེན་མོ།

སྨོན་ལམ་བརྡ་མཛོད་ཆེན་མོ་ནི་སྨོན་ལམ་རིག་ནུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་སྟེ། བོད་ཡིག་ཁོ་ནའི་ཚིག་གི་ཆ་ཤས་ཐེར་འབུམ་ཉི་ཤུ་ལྷག་སྦྱོང་བརྡར་རྒྱུ་ཆར་སྤྱད་པའི་བོད་ཡིག་གི་བརྡ་མཛོད་ཆེན་མོ་ཞིག་ཡིན། འདི་ནི་ད་སྔར་བོད་ཡིག་གི་རྒྱུ་ཆ་ཁོ་ནར་བརྟེན་ནས་སྦྱོང་བརྡར་བྱས་པའི་ཆེད་ལས་བརྡ་མཛོད་ཅིག་ཡིན་པས། འདིས་བོད་ཀྱི་སྐད་ཡིག་ལ་གཏིང་ཟབ་པའི་གོ་བ་ལེན་ཐུབ། ད་ལྟ་ང་ཚོས་མུ་མཐུད་དུ་བོད་ཀྱི་བཅུ་ཕྲག་རིག་པའི་གནས་མཐའ་དག་གི་རྒྱུ་ཆ་མཁོ་སྒྲུབ་ཀྱིས་བརྡ་མཛོད་ཆེན་མོ་འདིའི་ནུས་པ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་སྒོ་ཀུན་ནས་འབད་བརྩོན་བྱེད་བཞིན་ཡོད།