ལས་རིམ།

ཟླ་བཞི་པ། 06, 2019

དགེ་བཤེས་སྨོན་ལམ་ལགས་ཕྱོགས་སྐྱོད་དང་འབྲེལ་བའི་གསར་འགྱུར།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོ་དགའ་བྱང་ཤེས་ཡོན་ལྷན་ཚོགས་ཀྱི་ཚན་རིག་ཚོགས་ཁང་དུ་དགའ་བྱང་ཚིག་མཛོད་རྩོམ་སྒྲིག་ཁང་གིས་གོ་སྒྲིག་བྱས་ཏེ། དགའ་ལྡན་བྱང་རྩེའི་དགེ་བསྐུལ་དང་། དབུ་མཛད་ཆེན་མོ། ཕྱག་མཛོད་དང་དཔེ་ཁྲིད་དགེ་རྒན་རྣམ་པ། ཁམས་ཚན་དགེ་རྒན་རྣམ་པ། དགའ་བྱང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་། དཔེ་མཛོད་འགན་འཛིན། ལས་བྱེད་རྣམ་པ། སྤྱི་ཚོགས་འཕྲོད་བསྟེན་སྨན་ཁང་སོགས་སྡེ་ཚན་ཁག་གི་དྲུང་ཡིག་དང་རྩིས་པ་བཅས་ལ། སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད་དང་། མ་འོངས་པའི་ལས་དོན་བྱེད་ཕྱོགས་བཅས་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས།  དགོང་དྲོར་དགའ་བྱང་གཙུག་ལག་ཁང་དུ་དགེ་འདུན་འདུས་མང་ཡོངས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་དང་བེད་སྤྱོད་གཏོང་སྟངས་དང་འབྲེལ་ནས་དྲི་བ་དྲིས་ལན་བྱས།

གྲྭ་ཚང་རིན་པོ་ཆེ་ནས་རྒྱབ་སྐྱོར་གྱི་བཀའ་སློབ་དང་འབྲེལ། དཔལ་ལྡན་ལྷ་མོའི་སྐུ་ཐང་བྱིན་རླབས་ཅན་ཞིག་ཆེད་བསྟོད་གསོལ་རས་སུ་བསྩལ། ཚེས་ ༧ ཉིན་གྱི་སྔ་དྲོར་དགའ་བྱང་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཚིག་མཛོད་རྩོམ་སྒྲིག་པ་རྣམས་དང་མཉམ་ཏུ་རྩོམ་སྒྲིག་བྱེད་ཕྱོགས་ཐད་དྲི་བ་དྲིས་ལན་བྱས་པ་སོགས་ཐེངས་འདིའི་ལམ་རིམ་ཡོངས་ལེགས་པར་གྲུབ། 

དགའ་ལྡན་ཤར་རྩེའི་རྩོམ་སྒྲིག་ཁང་དང་འབྲེལ་བའི་སྐོར།
ཕྱི་ཟླ་ ༤ ཚེས་༧ ཉིན་གྱི་ཉིན་གུང་དུས་ཚོད་ ༢ ཐོག་དགའ་ཤར་ཚན་རིག་འཛིན་ཁང་དུ་དགའ་ཤར་ཚིག་མཛོད་རྩོམ་སྒྲིག་ཁང་གིས་གོ་སྒྲིག་བྱས་ཏེ། གྲྭ་ཚང་གི་དབུ་ཆོས་རྣམ་གསུམ་དང་། ཕྱག་མཛོད་ཆེན་མོ། དགའ་ཤར་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ཚོགས་མི་རྣམ་པར་དགའ་བྱང་ཚིག་མཛོད་རྩོམ་སྒྲིག་ཁང་གི་ལས་བསྡོམས་སྙན་ཞུ་དང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་དང་ཁྱད་ཆོས་སོགས་ངོ་སྤྲོད་དང་འབྲེལ་ནས་དྲི་བ་དྲིས་ལན་བྱས།

འབྲས་སྤུངས་བློ་གླིང་རྩོམ་སྒྲིག་ཁང་དང་འབྲེལ་བའི་སྐོར།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ པའི་ཚེས་ ༩ ཞོགས་པར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་གི་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཕེབས་ཤིང་། བློ་གླིང་ཚིག་མཛོད་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་མཉེན་ཆས་གསར་པ་ངོ་སྤྲོད་དང་ཚིག་མཛོད་ཀྱི་ལས་འཆར་སྐོར་ཞུས་ཤིང་། རྩོམ་སྒྲིག་བྱ་སྟངས་ཀྱི་ལས་དོན་སྐོར་ནས་གོ་བསྡུར་བྱས། ཉིན་དེའི་ཉིན་རྒྱབ་བློ་གླིང་རྩོམ་སྒྲིག་ཁང་གིས་གོ་སྒྲིག་བྱས་ཏེ་དགའ་ལྡན་ཁྲི་ཐོག་ ༡༠༣ པ་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་དང་། ཤར་པ་༸ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་དཔལ་ལྡན་གྲགས་པ་རྣམ་གསུམ་ལ་མཇལ་བཅར་དང་འབྲེལ་ནས། སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད་དང་བཀའ་སློབ་ལམ་སྟོན་ཞུས། ༢༠༡༩ ལོའི་ཟླ་ ༤ པའི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད ༨ པའི་ཐོག་བློ་གླིང་གཙུག་ལག་ཁང་གསར་པའི་མདུན་དུ་གྲྭ་མང་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་དང་། ད་ལྟའི་ཁྱབ་ཚད། བེད་སྤྱོད་གནང་སྟངས་སོགས་ཀྱི་སྐོར་ནས་གཏམ་བཤད་དང་དྲི་བ་དྲིས་ལན་བྱས།

༢༠༡༩ལོའི་ཟླ་ ༤ ཚེས ༡༠ ཉིན་གྱི་ཞོགས་པ་ཆུ་ཚོད ༩ པའི་ཐོག་བློ་གླིང་དཔེ་མཛོད་ཁང་གསར་པའི་དཔེ་ཀློག་ཁང་དུ་གྲྭ་ཚང་གི་༸སྐྱབས་རྗེ་མཁན་པོ་ཆེ་མཆོག་དང་། དབུ་ཆོས་རྣམ་གསུམ། ཕྱག་མཛོད། སྡེ་ཚན་ཁག་གི་འགན་འཛིན་དང་། དཔེ་ཁྲིད་རྒན་རྣམ་པ། ཁམས་ཚན་རྒན་རྣམ་པ། གྲྭ་ཚང་གི་ཚིག་མཛོད་རྩོམ་སྒྲིག་པ་བཅས་ལྷན་འཛོམས་ཐོག་སྨོན་ལམ་ཚིག་མཛོད་ཆེན་མོའི་སྐོར་གྱི་ལས་འཆར་ངོ་སྤྲོད་དང་། བགྲོ་གླེང་། མ་འོངས་ལས་དོན་བཅས་ལ་དྲི་བ་དྲིས་ལན་བྱས། མཁན་རིན་པོ་ཆེ་མཆོག་གིས་ལམ་སྟོན་བཀའ་སློབ་གནང་། གྲྭ་ཚང་རིན་པོ་ཆེ་ནས་རྒྱབ་སྐྱོར་དང་ཆེ་བསྟོད་དུ་༧གོང་ས་མཆོག་གི་སྐུ་ཐང་བྱིན་ཅན་ཞིག་གསོལ་རས་སུ་གནང་། དེ་བཞིན་ཕྱི་ལོ་ ༢༠༡༩ལོའི་ ༤ ཚེས་ ༡༠ ཕྱི་དྲོ་ཆུ་ཚོད ༧:༠༠ པ་ནས་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་བརྡ་འཕྲིན་བརྒྱུད་ལམ་ཁྲོད་ཀྱི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གློག་ཀླད་ཤེས་བྱ་ངོ་སྤྲོད་དང་དྲི་བ་དྲིས་ལན་བྱས་པ་སོགས་ཐེངས་འདིའི་ལས་རིམ་ཡོངས་ལེགས་པར་གྲུབ་བོ། །

སྒོ་མང་རྩོམ་སྒྲིག་ཁང་དང་་འབྲེལ་བའི་སྐོར།
ཕྱི་ལོ་ ༢༠༡༩ལོའི་ཟླ་ ༤ ཚེས་ ༡༡ ཉིན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆེད་དུ་ཕེབས་ཤིང་། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཚིག་མཛོད་རྩོམ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་བྱས་ཏེ། གྲྭ་ཚང་གི་མཁན་རིན་པོ་ཆེ་དང་དབུ་ཆོས་རྣམ་གཉིས། ཕྱག་མཛོད་དང་དྲུང་ཡིག།དཔེ་མཛོད་འགན་འཛིན། དཔེ་ཁྲིད་དགེ་རྒན་རྣམ་པ། ཁམས་ཚན་ཁག་གི་འཐུས་མི། གྲྭ་ཚང་གི་སྨོན་ལམ་རྩོམ་སྒྲིག་ཚོགས་མི་རྣམ་པ་བཅས་ལ། སྨོན་ལམ་ཚིག་མཛོད་ཆེན་མོའི་གལ་ཆེའི་རང་བཞིན་དང་འབྲེལ་བའི་གཏམ་བཤད་དང་དྲི་བ་དྲིས་ལན་བྱས། གཞན་ཡང་ཉིན་དེར་གྲྭ་ཚང་གི་སྨོན་ལམ་རྩོམ་སྒྲིག་ཚོགས་མི་རྣམས་ལ་ཟུར་དུ། སྨོན་ལམ་ཚིག་མཛོད་ཆེན་མོའི་མཉེན་ཆས་བཀོལ་སྤྱོད་བྱེད་སྟངས་སོགས་ལ་བགྲོ་གླེང་དང་ལམ་སྟོན་ཞུས།

ཕྱི་ལོ་ ༢༠༡༩ལོའི་ཟླ་ ༤ ཚེས ༡༢ཉིན། གྲྭ་ཚང་གི་ཆོས་རའི་རིམ་ཚོགས་སྐབས་སུ་དགེ་འདུན་འདུས་མང་ཡོངས་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད་དང་། བེད་སྤྱོད་གཏོང་ཕྱོགས་བཅས་ཀྱི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་བྱས། འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་གསར་གཏོད་རང་བཞིན་ཅན་གྱི་བྱས་རྗེས་ལ་བསྔགས་བརྗོད་དང་། གཟིགས་རྒྱང་རིང་པོའི་སྤྱི་ཕན་རང་བཞིན་ཅན་གྱི་འཆར་གཞི་རྣམས་ལ་རྗེས་སུ་ཡིད་རིང་དང་། དེ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་མཚོན་བྱེད་དུ་ཆེད་བསྟོད་གཟེངས་རྟགས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ་ཆ་ཚང་ཞིག དེ་བཞིན་ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་འབུམ་དང་། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་བཅས་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་གིས་དངོས་སུ་འབུལ་གནང་མཛད། སྒོ་མང་མཁན་རིན་པོ་ཆེ་མཆོག་ནས་ཐོག་མཐའ་བར་གསུམ་སྨོན་ལམ་ཚིག་མཛོད་ཀྱི་ལས་གཞིར་རོགས་རམ་དང་། ལམ་སྟོན་གནང་བ་སོགས་ཐེངས་འདིའི་ལས་རིམ་འདི་ལེགས་པར་གྲུབ།

རྭ་སྟོད་རྩོམ་སྒྲིག་ཁང་དང་འབྲེལ་བའི་སྐོར།   
ཕྱི་ལོ་ ༢༠༡༩ལོའི་ཟླ ༤ ཚེས་ ༡༢ ཉིན་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་རྭ་སྟོད་གྲྭ་ཚང་དུ་ཆེད་དུ་ཕེབས་ཤིང་། རྭ་སྟོད་གྲྭ་ཚང་གི་ཚིག་མཛོད་རྩོམ་སྒྲིག་ཁང་གིས་གོ་སྒྲིག་བྱས་ཏེ། ཚོགས་འདུ་ཞིག་འཚོགས་ཤིང་། ཚོགས་ཐོག་ཏུ་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་དབུས་དབུ་ཆོས་རྣམ་གཉིས། ཕྱག་མཛོད་རྣམ་པ། ཤེས་ཡོན་ལྷན་ཚོགས། དཔེ་ཁྲིད་དགེ་རྒན། ལས་སྣེ་ཐོན་ཟུར། དགེ་བཤེས། དཔེ་མཛོད་འགན་འཛིན། རྭ་སྟོད་སྨོན་ལམ་རྩོམ་སྒྲིག་ཁང་གི་ལས་བྱེད་རྣམས་ཚང་འཛོམས་ཐོག སྨོན་ལམ་ཚིག་མཛོད་ཆེན་མོའི་འདས་པའི་ལོ་ངོ་དྲུག་གི་ལོ་རྒྱུས། ད་ལྟའི་གནས་བབ། མ་འོངས་པའི་ལས་འཆར་སོགས་ཀྱི་སྐོར་ལ་གཏམ་བཤད་དང་། མ་འོངས་པའི་ལས་དོན་ཐད་གྲོས་བསྡུར་བྱས།

ཟླ་ ༤ ཚེས་ ༡༣ཉིན་གྱི་སྔ་དྲོར་རྭ་སྟོད་གཙུག་ལག་ཁང་དུ་སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག རྭ་སྟོད་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་གི་འགན་འཛིན་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་དང་འབྲེལ། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དགེ་འདུན་འདུས་མང་ཡོངས་ལ་ཚིག་མཛོད་ཀྱི་ཐོན་རིམ་དང་། ཁྱབ་ཚད། གལ་གནད། བེད་སྤྱོད་གཏོང་ཕྱོགས། མ་འོངས་པའི་ལས་འཆར་སོགས་དང་འབྲེལ་བའི་གཏམ་བཤད་དང་དྲི་བ་དྲིས་ལན་ཞུས། སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ལས་རིམ་དང་འབྲེལ་བའི་བཀའ་སློབ་དང་། བརྡ་འཕྲིན་གྱི་དུས་རབས་དང་མཐུན་པའི་བོད་ཀྱི་སྐད་ཡིག་ཐད། ཁ་ཡོད་ལག་ཡོད་ཀྱིས་ཞབས་འདེགས་བསྒྲུབས་པར་ཆེ་བསྟོད་གསོལ་རས་སུ་སྟོན་པའི་སྐུ་བརྙན་ཞིག་གནང་། དེ་བཞིན་རྭ་སྟོད་སྨོན་ལམ་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པར་མཉེན་ཆས་གསར་པ་ནང་འཇུག་དང་།  བཀོལ་སྤྱོད་གནང་ཕྱོགས། དེ་མིན་ལས་དོན་ཚགས་ཚུད་ཡོང་སླད་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་བྱས་ཏེ། ཐེངས་འདིའི་རྩོམ་སྒྲིག་ཁག་དང་འབྲེལ་བའི་ཕྱོགས་སྐྱོད་ཀྱི་ལས་རིམ་ཡོངས་མཇུག་ལེགས་པར་གྲུབ་བོ། །

བརྒྱུད་སྤེལ།

སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ངོ་སྤྲོད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནི་བརྡ་འཕྲིན་ཤེས་བྱའི་སྐོར་ལ་ཞིབ་འཇུག་དང་། བོད་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་སྣ་ཚོགས་ཞིབ་འཇུག་དང་བཟོ་སྐྲུན་བྱེད་པའི་ལྟེ་གནས་ཁང་ཞིག་ཡིན།
ལས་གཞི་འདི་ཉིད་ཐོག་མར་བློ་བཟང་སྨོན་ལམ་སྒེར་ངོས་ནས་ཕྱི་ལོ་༢༠༠༥ ལོར་འགོ་བཙུགས་ཤིང་། ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དངོས་སུ་གསར་འཛུགས་བྱས།

འཕྲིན་གསར་སྔོན་མ།

ཚོགས་འདུ།

སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བདུན་པ།

 ཟླ་གསུམ་པ། 04, 2019
མཛད་སྒོ།

སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དང་བོད་ཀྱི་ཚིག་མཛོད་རིག་པའི་དཔེ་དེབ་ཀྱི་དབུ་འབྱེད་མཛད་སྒོ།

 ཟླ་བཅུ་གཉིས་པ། 28, 2018
ཚོགས་འདུ།

བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ།

 ཟླ་བཅུ་གཉིས་པ། 09, 2018
འགྲེམ་སྤེལ།

བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག ཚོད་ལྟའི་མཉེན་ཆས་འགྲེམ་སྤེལ།

 ཟླ་བཅུ་གཉིས་པ། 09, 2018
ཆེད་བརྗོད།

ཆེས་བཀུར་བར་འོས་པའི་དགེ་རྒན་ཚེ་རིང་དོན་གྲུབ་མཆོག་ལ་མྱ་ངན་ཞུ།


 ཟླ་ལྔ་པ། 01, 2028
ལས་རིམ།

འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཨ་རིའི་ནང་སྐོར་སྐྱོད།

 ཟླ་བཞི་པ། 23, 2018