ཐེ་བོ་ཤེས་རབ་རྒྱ་མཚོ།
ཚིག་མཛོད་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་གཞོན་པ།
ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ནི་སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་གཞོན་པ་ཡིན་ཞིང་། ཁོང་གིས་བོད་ཀྱི་སྐད་ཡིག་རིག་གནས་དང་ཚིག་མཛོད་ལས་གཞི་ཁག་ལ་ལོ་ངོ་བཅུ་ཕྲག་ལྷག་རིང་ཞིབ་འཇུག་དང་རྩོམ་སྒྲིག་གི་ཕྱག་ལས་གནང་དང་གནང་མུས་ཡིན། ཁོང་གིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོག་མའི་ལོ་དགུའི་ལས་འཆར་གྲུབ་རྗེས། གཞི་རིམ་སློབ་གྲྭའི་སློབ་མ་དང་། བོད་ཀྱི་སྐད་ཡིག་གསར་དུ་སྦྱོང་མཁན་རྣམས་ཀྱི་ཆེད། སྨོན་ལམ་སྐད་ཡིག་ཚིག་མཛོད་(Monlam Learning Dictionary) རྩོམ་སྒྲིག་བྱས་ཤིང་། སྐབས་དེར་ཚིག་མཛོད་ཀྱི་མ་ཚིག་དང་འགྲེལ་བཤད་ཁག་སློབ་ཕྲུག་གི་གནས་ཚད་དང་རན་པོ་བྱུང་ཡོད་མེད་བརྟག་ཞིབ་ཆེད་རྡ་སྟེང་བོད་ཁྱིམ་སློབ་གྲྭར་དངོས་སུ་ཕེབས་ནས་ཉམས་ཞིབ་གནང་ཡོད། ཁོང་དེ་སྔོན་ཀིརྟིའི་བྱེས་པ་གྲྭ་ཚང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དང་། ནོར་གླིང་མཐོ་སློབ་བཅས་ནས་སློབ་གཉེར་རིམ་པར་གནང་སྟེ། རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་ཤིང་། ལོ་ཤས་རིང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཚད་མ་རིག་པར་སློབ་གཉེར་གནང་། སྔ་ཕྱིར་བོད་རིག་པའི་དུས་དེབ་དང་རྩོམ་རིག་ཚགས་པར་ཁག་གི་རྩོམ་སྒྲིག་པ་དང་། དགེ་རྒན་བཅས་ཀྱི་ཕྱག་ལས་ཀྱང་གནང་ཡོད། ༢༠༡༣ ལོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་ཞུགས་ཤིང་། ཕྱི་ལོ་ ༢༠༡༩ ལོར་པཱ་རི་སིའི་ཤར་ཕྱོགས་སྐད་ཡིག་སློབ་ཆེན་ (INALCO) དང་། ༢༠༢༢ ལོར་པ་རག་གི་ཆར་ལེ་སི་གཙུག་ལག་སློབ་ཆེན་ (Charles University)། ༢༠༢༤ ལོར་དབྱིན་ཡུལ་གླང་རབ་སློབ་ཆེན་ (Oxford University) བཅས་སུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དང་། རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ཚོགས་འདུ་བཅས་སུ་མཉམ་ཞུགས་དང་ཆེད་རྩོམ་སྒྲོག་སྦྱངས་ཞུས། ད་ལྟའི་ཆར་ཁོང་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་དང་ཞུ་དག་གི་ལས་ཁུར་ཞུ་བཞིན་བོད་ཀྱི་སྐད་ཡིག་བརྡ་འཕྲིན་ཅན་དུ་འཇུག་པའི་ལས་གཞི་ལ་མཉམ་ཞུགས་གཞོགས་འདེགས་ཀྱི་ནུས་པ་འདོན་མུས་ཡིན་ནོ།།