མཁྱེན་རབ་རྒྱ་མཚོ།

སྤྱི་ཁྱབ་རྩོམ་སྒྲིག་པ།

མཁྱེན་རབ་རྒྱ་མཚོ།

མཁྱེན་རབ་རྒྱ་མཚོ་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡིན་ཞིང་། ཁོང་གིས་ཞིབ་འཇུག་ཁང་གི་བོད་ཡིག་དང་འབྲེལ་བའི་རྩོམ་སྒྲིག་ཞུ་དག་གི་ལས་ལ་འགན་འཁུར་བཞིན་ཡོད། དེ་སྔོན་ཁོང་གིས་ལོ་ངོ་དྲུག་ལྷག་རིང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་དང་། སྒོ་མང་དཔེ་མཛོད་ཁང་གི་དཔེ་དེབ་ཞུ་སྒྲིག་དང་ཇུས་འགོད་པ་བཅས་ཀྱི་ལས་ཁུར་ཞུས་ཏེ། རྩོམ་སྒྲིག་དང་དཔེ་སྐྲུན་ལས་དོན་ལ་ཉམས་མྱོང་མི་དམན་པ་བསགས་ཡོད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མཐོ་རིམ་རིགས་གཅིག་རྐང་འཛིན་ཉམས་ཞིབ་པའི་ཁོངས་སུ་ “བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་འཕེལ་རིམ་” སྐོར་ལ་ཆེད་གཉེར་ཉམས་ཞིབ་གནང་སྟེ་ཚད་འཛིན་ཕྱག་འཁྱེར་ཐོབ། ཕྱི་ལོ་ ༢༠༡༧ ལོར་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་བསླབ་པ་མཐར་སོན་ཏེ་དགེ་བཤེས་ཐོན་ཅིང་། སློབ་གཉེར་གྱི་ཞོར་དུ་སྔ་ཕྱིར་སློབ་གྲྭའི་དགེ་རྒན་དང་རྩོམ་སྒྲིག་པ། ཞུ་དག་པ་སོགས་ཀྱི་ལས་ཁུར་ཞུས་ཏེ། རིག་གནས་རྒྱུན་འཛིན་གྱི་ལས་དོན་ལ་ཞབས་འདེགས་གང་མང་ཞུས་ཡོད་པར་མ་ཟད། བོད་གཞིས་བྱེས་གཉིས་སུ་བརྡ་སྤྲོད་དང་སྙན་ངག་སོགས་བརྩམས་ཆོས་དཔེ་དེབ་ ༡༡ དཔར་སྐྲུན་བྱས་ཡོད། ད་ལྟའི་ཆར་ཁོང་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་བོད་ཡིག་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁུར་བའི་ཞོར་དུ་རང་དབང་ཉམས་ཞིབ་དང་རྩོམ་འབྲིའི་ལས་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད།