མཁན་པོ་འཇུ་བསྟན་སྐྱོང་།
སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན།
མཁན་པོ་འཇུ་བསྟན་སྐྱོང་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་ཡིན་ཞིང་། ཁོང་གིས་སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་སྒྲོམ་གསར་བཟོ་ཡིས་མཚོན་པའི་ཐོག་མཐའ་ཀུན་ཏུ་ཚིག་མཛོད་རྩོམ་སྒྲིག་གི་ལས་འགན་རྒྱུན་འཁྱོངས་གནང་བས། ཁོང་ནི་ཞིབ་འཇུག་ཁང་འདིའི་རྐང་འཛིན་མི་སྣ་གཙོ་བོ་ཞིག་ཆགས་ཡོད། ཁོང་གིས་ཕྱི་ལོ་ ༡༩༩༠ ལོ་ནས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་མཐར་ཕྱིན་པར་གནང་ཞིང་། ཕྱི་ལོ་ ༢༠༠༣ ནས་ ༢༠༠༩ བར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་ལོ་རྒྱུས་རྩོམ་སྒྲིག་པའི་ལས་ཁུར་ཞུས། སྔ་ཕྱིར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཡིས་མཚོན་པའི་མཁས་པའི་བགྲོ་གླེང་དང་རིག་གཞུང་ཞིབ་འཇུག་གི་ལས་སྒོ་དུ་མར་མཉམ་ཞུགས་གནང་། ཕྱི་ལོ་ ༢༠༡༢ ལོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་ལས་ཞུགས་གནང་བ་ནས་བཟུང་། སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་གི་ཐུགས་འགན་གཙོ་བོར་བཞེས་པའི་ཐོག ༢༠༢༥ ལོ་ནས་སྨོན་ལམ་བརྡ་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་གི་འགན་བཞེས་ཏེ། བོད་ཀྱི་སྐད་ཡིག་འཕྲུལ་ལས་ཅན་དུ་བསྒྱུར་བའི་ལས་དོན་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླ་མེད་བཏོན་ཡོད་པར་མ་ཟད། ལོ་མང་རིང་ཚིག་མཛོད་རྩོམ་སྒྲིག་གནང་བའི་ཉམས་མྱོང་དང་དགོས་མཁོ་གཞི་ལ་བཞག་སྟེ། ཁོང་གིས་དེང་རབས་དང་མཐུན་པའི་བོད་ཀྱི་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་ཀྱང་གསར་རྩོམ་གནང་ཡོད། དེ་ནི་ད་སྔར་གཞུང་ལུགས་རང་བཞིན་གྱི་བོད་ཀྱི་ཚིག་མཛོད་རིག་པའི་དཔེ་དེབ་ཐོག་མ་ཆགས་ཡོད། ད་ལྟའི་ཆར་ཁོང་གིས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་འགན་འཛིན་གྱི་ལས་འགན་མུ་མཐུད་བཞེས་པའི་མུར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཡང་གནང་མུས་ཡིན།