ཐེ་བོ་སངས་རྒྱས།
ཚིག་མཛོད་རྩོམ་སྒྲིག་པ་རྒན་པ།
ཐེ་བོ་སངས་རྒྱས་སམ་དཀོན་མཆོག་སངས་རྒྱས་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་པ་རྒན་པ་ཡིན་ཞིང་། ཁོང་གིས་ལོ་མང་རིང་བོད་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བའི་ལས་གཞི་དུ་མར་ཞབས་འདེགས་སྣ་ཚོགས་ཞུས་ཡོད། ཁོང་ཆུང་དུས་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་དང་དགོན་སྡེ་བཅས་རིམ་པར་འགྲིམས་ཤིང་། ཕྱིས་སུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དུ་ཞུགས་ཏེ། ༢༠༠༤ ལོར་གཙུག་ལག་རབ་འབྱམས་པའི་གནས་རིམ་དང་པོའི་ཕྱག་འཁྱེར་བཞེས། ཁོང་གིས་སྔ་ཕྱིར་ཀིརྟི་བྱེས་པ་གྲྭ་ཚང་དང་། བལ་ཡུལ་ཨརྱ་ཏཱ་རཱ་སློབ་གྲྭ། སྤུར་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭ་བཅས་སུ་ལོ་མང་རིང་བོད་ཡིག་དགེ་རྒན་དང་རྩོམ་སྒྲིག་པ་བཅས་ཀྱི་ཕྱག་ལས་རིམ་པར་གནང་སྟེ་ཤེས་ཡོན་སློབ་གསོའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད། ༢༠༡༤ ལོར་ཁོང་ཤེས་རིག་ལས་ཁུངས་ཀྱི་ “སོན་རྩ་བྱིས་པའི་དེབ་ཕྲེང་” རྩོམ་སྒྲིག་པའི་ཁོངས་སུ་ཚུད་ཅིང་། བྱིས་སྒྲུང་མི་ཉུང་བ་ཞིག་གསར་རྩོམ་གནང་སྟེ། ༢༠༡༦ ལོར་རོགས་པ་ཚོགས་པའི་བྱིས་སྒྲུང་འགྲན་སྡུར་ནང་ཨང་གསུམ་པའི་གཟེངས་རྟགས་ཐོབ། ༢༠༡༩ ལོར་ཕེ་རི་སིར་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་ (IATS) ཐེངས་བཅོ་ལྔ་པ་དང་། ༢༠༢༢ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་པ་རག་གྲོང་ཁྱེར་དུ་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་དྲུག་པ་བཅས་ལ་མཉམ་ཞུགས་དང་གཏམ་བཤད་གནང་། ཕྱི་ལོ་ ༢༠༡༦ ལོ་ནས་ཁོང་གིས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དུ་ཚིག་མཛོད་རྩོམ་སྒྲིག་པའི་ལས་ཁུར་ཞུས་ཏེ། བོད་ཀྱི་སྐད་ཡིག་དེང་རབས་འཕྲུལ་ལས་ཅན་དུ་བསྒྱུར་བའི་ལས་གཞི་ཁག་ལ་མཉམ་ཞུགས་གཞོགས་འདེགས་ཀྱི་ནུས་པ་འདོན་བཞིན་ཡོད་དོ།།