བློ་བཟང་དཔལ་ལྡན།

ཡིག་གཟུགས་བཟོ་སྐྲུན་པ།

བློ་བཟང་དཔལ་ལྡན།

བློ་བཟང་དཔལ་ལྡན་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གློག་རྡུལ་ཡིག་གཟུགས་བཟོ་སྐྲུན་འགན་འཁུར་བ་ཡིན་ཞིང་། ཁོང་གིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་མཛེས་ཆ་དང་དེང་རབས་འཕྲུལ་ལས་ཟུང་འབྲེལ་གྱིས་སྨོན་ལམ་བོད་ཡིག་གི་སྤུས་ཚད་གོང་འཕེལ་གཏོང་བར་འབད་བརྩོན་གནང་བཞིན་ཡོད། ཁོང་ཕྱི་ལོ་ ༢༠༡༥ ལོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་ཞུགས་ཏེ། ལོ་མང་རིང་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པའི་ལས་ཁུར་ཞུས་ཤིང་། ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་སྨོན་ལམ་བོད་ཡིག་བཟོ་སྐྲུན་པའི་འགན་བཞེས་པ་ནས་ད་ལྟའི་བར་ཁོང་གིས་སྨོན་ལམ་བོད་ཡིག་གི་ཡིག་གཟུགས་མི་འདྲ་བ་ ༡༧ ཙམ་བསྐྱར་བཅོས་གནང་སྟེ། སྨོན་ལམ་བོད་ཡིག་གི་ཁྱད་ཆོས་དང་བཀོལ་སྤྱོད་ཀྱི་ནུས་པ་མཐོར་འདེགས་གནང་ཡོད། ཁོང་གིས་དེ་སྔོན་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་སློབ་གསོ་བ་རྒན་འཇིགས་མེད་རྒྱལ་མཚན་སོགས་ཀྱི་ཞབས་ལ་གཏུགས་ཏེ་བོད་ཀྱི་བརྡ་སྤྲོད་དང་ནང་ཆོས་སློབ་གཉེར་གནང་ཞིང་། ཕྱིས་སུ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་དབུ་ཕར་གཞུང་ལ་སློབ་གཉེར་གནང་། སློབ་གཉེར་གྱི་ཞོར་དུ་གློག་ཀླད་ཤེས་བྱ་དང་བོད་ཡིག་བརྡ་འཕྲིན་ལག་རྩལ་སྐོར་ལ་རང་སྦྱོང་གནང་སྟེ་གྲུབ་འབྲས་གང་ལེགས་ཐོབ་ཡོད། ད་ལྟའི་ཆར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་སྨོན་ལམ་བོད་ཡིག་གི་ཡིག་གཟུགས་རྣམས་ལེགས་བཅོས་དང་རྣམ་པ་མི་འདྲ་བའི་ཡིག་གཟུགས་སྣ་ཚོགས་གསར་བཟོ་བྱེད་བཞིན་ཡོད་དོ།།