དགེ་བཤེས་ལྷ་རམས་པ་འཇམ་དབྱངས་ཚུལ་ཁྲིམས།
ཚིག་མཛོད་འཛིན་སྐྱོང་འགན་འཛིན།
དགེ་བཤེས་འཇམ་དབྱངས་ཚུལ་ཁྲིམས་ལགས་ནི་སྨོན་ལམ་ཚིག་མཛོད་ཆེན་མོའི་འཛིན་སྐྱོང་འགན་འཛིན་ཡིན་ཞིང་། ཁོང་གིས་ཚིག་མཛོད་བསྐྱར་བཅོས་དང་ཡར་རྒྱས་ཀྱིས་མཚོན་པའི་ཚིག་མཛོད་ཀྱི་སྤུས་ཚད་གོང་མཐོར་གཏོང་བར་ཤུགས་སྣོན་རྒྱག་བཞིན་ཡོད། དེ་སྔོན་ཁོང་གིས་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་དང་། སྨོན་ལམ་རིག་ནུས་ (Monlam AI) ཀྱི་ལས་གཞིའི་འོག་དབུས་སྐད་ཀྱི་སྒྲ་འཛིན་རིག་ནུས་ (STT) དང་། ཀློག་འདོན་རིག་ནུས་ (TTS) དེ་བཞིན་ཨམ་སྐད་ཚན་པའི་འགན་འཛིན་བཅས་ཀྱི་ལས་འགན་བཞེས་ཏེ། བོད་ཀྱི་སྐད་ཡིག་འཕྲུལ་ལས་ཅན་དུ་བསྒྱུར་བའི་ལས་དོན་ལ་ནུས་པ་གང་ལེགས་བཏོན་ཡོད། ཁོང་གིས་ཕྱི་ལོ་ ༢༠༡༧ ལོར་སེར་སྨད་གྲྭ་ཚང་ནས་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་ཅིང་། ཁོང་ནི་ནང་པའི་གཞུང་ལུགས་ལ་གཟིགས་རྒྱ་ཆེ་བར་མ་ཟད། ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱི་ཉམས་ཞིབ་ལས་རིམ་མང་པོར་ལོ་མང་རིང་ཉམས་ཞུགས་གནང་མྱོང་མཁན་ཞིག་ཀྱང་ཡིན། ཕྱི་ལོ་ ༢༠༡༢ ནས་ ༢༠༡༧ བར་ཁོང་གིས་སེར་སྨད་ཚན་རིག་སྡེ་ཚན་གྱི་འགན་འཛིན་གནང་སྟེ། རིག་གནས་བརྗེ་རེས་དང་སློབ་གསོའི་ལས་དོན་ལའང་ཞབས་ཞུ་བསྒྲུབས་ཡོད། ད་ལྟའི་ཆར་ཁོང་གིས་སྨོན་ལམ་ཚིག་མཛོད་ཀྱི་འཛིན་སྐྱོང་འགན་འཛིན་གནང་བའི་ཞོར་དུ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་སྐབས་གཉིས་པའི་མངོན་པ་མཛོད་ཀྱི་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་ལས་འགན་ཡང་སྒྲུབ་མུས་ཡིན།